རྔམ་བརྗིད་ལྡན་པའི་ཕོ་བྲང་སེང་འབྲུག་སྟག་རྩེ།

        2011-09-07

སྐད་གྲགས་དང་རྔམ་བརྗིད་ལྡན་པའི་འཛམ་གླིང་གེ་སར་རྒྱལ་པོའི་སྐུ་མཁར་སེང་འབྲུག་སྟག་རྩེའི་རྗེས་ཤུལ1990ལོའི་ཟླ་6པར་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་དར་ལག་རྫོང་འཛུགས་སྐྲུན་ཤང་གི་མར་གཤམ་དར་གྱི་ས་ནག་ལུང་པའི་མདོ་ནས་གསར་རྙེད་བྱུང་།རྗེས་ཤུལ་གྲགས་ཅན་དེ་རྙེད་རྗེས་དར་ལག་ས་ཆའི་སེར་སྐྱ་མང་ཚོགས་ཀྱིས་ཏང་གི་མི་རིགས་སྲིད་ཇུས་དང་ཆོས་ལུགས་སྲིད་ཇུས་ཀྱི་དགོངས་དོན་ལ་བརྟེན་ནས་འབྲེལ་ཡོད་སྡེ་ཁག་གི་རྒྱབ་སྐྱོར་དང་གོང་རིམ་རྩ་འཛུགས་ཀྱི་གཟིགས་སྐྱོང་འོག་གནའ་བོའི་ཕོ་བྲང་དེ་ཁང་རྩེག་ལྷ་ཁང་གི་ཚུལ་དུ་སླར་གསོ་བསྐྱར་བཞེངས་བྱེད་འགོ་བརྩམས།མིང་དུ་གྲགས་པའི་ཕོ་བྲང་དེ་སླར་གསོ་བཟོ་སྐྲུན་གྱི་གཙོ་འགན་འཁུར་མཁན་ནི་ཀྲུང་གོ་བོད་རྒྱུད་ནང་བསྟན་སློབ་གླིང་གི་སློབ་དཔོན་ཆེན་མོ།མཚོ་སྔོན་ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་གྱི་འཐུས་མི།མགོ་ལོག་ཁུལ་སྲིད་གྲོས་ཀྱི་རྒྱུན་ལས་ཨུ་ཡོན།དར་ལག་རྫོང་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་དང་རྫོང་མི་རིགས་སློབ་འབྲིང་གི་མཚན་འཛིན་ཞའོ་ཀྲང་བཅས་ཡིན་པའི་སྤྲུལ་སྐུ་བསྟན་པའི་ཉི་མ་ཡིན།ད་ལྟ་གསར་བཞེངས་བྱས་པའི་སྐུ་མཁན་དེ་དེ་སྔའི་སྒུ་མཁར་སེང་འབྲུག་སྟག་རྩེ་དངོས་ཀྱི་གཟི་རྔམ་དང་རྒྱ་ཁྱོན་མཐོ་ཚད་སོགས་མེད་ནའང་རྒྱ་ཕིབས་དང་གསེར་ཏོག་སོགས་མཁར་དེའི་ཕྱི་ནང་གི་བཀོད་པ་ཡོད་ཚད་གནའ་མཁར་ངོ་མ་དང་ཡོངས་སུ་མཚུངས་པར་བཞེངས་ཡོད།མཐོ་སྒང་མགོ་ལོག་རྩྭ་ཐང་ལ་མཚོན་ན་ཐེངས་དང་པོར་སླར་གསོ་བཟོ་སྐྲུན་བྱས་པའི་གནའ་མཁར་ལྷ་ཁང་རྔམ་བརྗིད་ཅུང་ཆེ་ཤོས་རེད།ལྷ་ཁང་དེའི་ནང་རྟེན་གྱི་གཙོ་བོ་ལ།གསེར་ཟངས་ལས་གྲུབ་པའི་གེ་སར་རྒྱལ་པའི་སྐུ་ཞི་བ་དང་དྲག་པོ།འཇིམ་ལས་བཟོས་པའི་གེ་སར་རྒྱལ་པོའི་སྐུ།འཇིམ་ལས་བཟོས་པའི་གླིང་གི་དཔའ་ཐུལ་སུམ་ཅུ་དང་།གསེར་ཟངས་ལས་གྲུབ་པའི་ཡང་ཐུལ་དམ་པའི་མི་བདུན་གྱི་སྐུ་བརྙན་བཅས་བཞེངས་ཡོད་པར་མ་ཟད།གཞན་ད་རུང་སྔོན་བྱོན་སངས་རྒྱས་མང་པོ་ཞིག་གི་གསེར་སྐུ་དང་འཇིམ་སྐུ།རང་ཐང་དང་ལྡེབས་རིས་སོགས་མང་པོ་བཞུགས།ཕོ་བྲང་དེ་ལྟ་བུ་ཞིག་སླར་གསོ་བཟོ་སྐྲུན་བྱས་པ་ནི་གཅིག་ནས་གླིང་སྒྲུང་མྱུར་སྐྱོབ་ཀྱི་ནང་དོན་གཙོ་བོ་ཞིག་དང་།གཉིས་ནས་བོད་མི་རིགས་ཀྱི་བཟོ་སྐྲུན་སྒྱུ་རྩལ་གྱི་རྣམ་པའི་ལྟད་མོ་སླར་ཡང་བསྟན་པ་ཞིག་གསུམ་ནས་མཐོ་སྒང་རྩྭ་ཐང་གི་མཛེས་ལྗོངས་གཟིགས་སྐོར་བྱེད་ས་བཟང་པོ་ཞིག་བཅས་རེད།(རྩོམ་སྒྲིག་པ་བདེ་ཆེན་དབང་མོ།)
  • ལེ་ཚན་སྔོན་མ།:ཕོ་བྲང་པོ་ཏ་ལ་ངོ་སྤྲོད་སྟབས་བདེ།
  • ལེ་ཚན་རྗེས་མ།:ཁམས་རྟའུ་ཡི་མགར་ཐར་དགོན་པ།
  • དོ་སྣང་ཆེ་བའི་རྩོམ།