བོད་ཀྱི་ཡིག་གཟུགས་ལ་མཛད་རྗེས་ཆེ་བའི་གནའ་རབས་ཀྱི་མི་སྣ་འགའི་ངོ་སྤྲོད་མདོར་བསྡུས།

ཁམས་པའི་སློབ་གླིང་།(རིག་བསྟན་གྱིས།)        2011-08-31

ཐོན་མི་ཨ་ནུ།བོད་ས་ཡོས་ལོ་སྟེ་སྤྱི་ལོ617ལོར་སྙེ་མོ་ཐོན་ལུག་ར་ཁ་བསམ་འགྲུབ་སྒང་དུ་ཡབ་གཡུང་དྲུང་ཕུན་ཚོགས་དང་ཡུམ་གནུབས་གཟའ་དབྱངས་ཅན་ལྷ་མོ་གཉིས་ལས་འཁྲུངས།སྤྱིར་ཨ་ནུ་ཞེས་པ་ནི་ལྷ་སའི་ལྷོ་ཁ་བས་བུ་ཕྲུག་ཆུང་བ་ཚོ་ལ་ཨ་ནུ་ཞེས་འབོད་པས་མིང་དེ་ལྟར་ཐོགས་པ་རེད་ཅེས་བཤད་སྲོལ་འདུག
ཁོང་ཆུང་དུས་ནས་རིག་པ་ཤིན་ཏུ་མྱུར་ལ་བློ་སྒོ་ཡངས་པ།ཡིད་གཞུང་ལ་བརྩོན་འགྲུས་ལྡན་པའི་བུ་ཁྱད་པ་ཅན་ཞིག་ཡིན།ཁོང་གིས་རྒྱ་གར་དུ་ལོ་བདུན་ཙམ་ལ་སྒྲ་རིག་པ་སློབ་གཉེར་མཛད་ནས་ཕྱིར་ཕེབས་པས་རྒྱལ་པོ་འཁོར་བཅས་འཛོམས་ནས་དགའ་སྟོན་རྒྱ་ཆེན་པོར་བྱས།རྒྱལ་པོ་སྲོང་བཙན་སྒམ་པོའི་བཀའ་བློན་ཆེན་པོ་མདུན་ན་འདོན་དང་བོད་ཀྱི་མཛངས་མི་བཞི་པར་བསྐོས།དེང་སང་ང་ཚོས་སྤྱོད་བཞིན་པའི་བོད་ཡིག་འདི་ཡོད་པ་ཁོང་གི་བཀའ་དྲིན་ཡིན།ནང་པ་སངས་རྒྱས་ཀྱི་ཆོས་ལུགས་བསྒྱུར་རྒྱུའི་ཐད་ལ་བྱས་རྗེས་བླ་ན་མེད་པ་བཞག་ཡོད།མཐར་དགུང་ལོ་ལྔ་བཅུ་ང་གཉིས་པའི་ལྕགས་རྟ་ལོ་སྟེ་སྤྱི་ལོ670ལོར་སྐུ་གཤེགས་སོ།  དེའི་རྗེས་ཡིག་མཁན་རིམ་བྱོན་ལ་རིན་ཆེན་འབར།ཆབ་དཀར་བེའུ་ཚེ།དཀོན་མཆོག་དབང་།བྷེ་ཤོ་ཁྲམ་མམ་ཤྰཀྱ་དཀོར།ཚེ་སྤོང་བྱང་ཆུབ།འབྲེ་ཡོན་ཏན།གྲ་སྐ་བ་དཔལ་བརྩེགས་དང་།ཤོད་པ་ཅོག་རོ་ཀླུའི་རྒྱལ་མཚན།གོང་གི་ཡིག་མཁན་ནས་བྲིས་མཁན་འདི་རྣམས་ཀྱི་རིང་ལ་བོད་ཡིག་གི་ཡིག་གཟུགས་ལ་འགྱུར་བ་ཅུང་ཟད་བྱུང་ཡོད་པ་རྣམས་གོང་དུ་ཞུས་ཟིན་པས་འདིར་མ་བཤད་ཅིང་།གྲ་ཤོད་གཉིས་མ་གཏོགས་དེ་མིན་རྣམས་ཀྱི་ལོ་རྒྱུས་ནི་ཁོ་བོས་དཔྱད་གཞིའི་ཡིག་ཆ་མ་རྙེད་པས་མ་བྲིས་སོ།། སྐ་བ་དཔལ་བརྩེགས།བསྟན་པ་སྔ་དར་སྐབས་ཀྱི་ལོ་ཙྰ་བ་སྐ་ཅོག་ཞང་གསུམ་དུ་གྲགས་པའི་ཡ་གྱལ་ཞིག་སྟེ།འཕན་པོའི་ཡུལ་དུ་རུས་མིང་སྐ་བ་ཡིན་པའི་ཡབ་སྐ་བ་བློ་ལྡན་དང་ཡུམ་འབྲོ་བཟའ་རྡོ་རྗེ་ལྕམ་གཉིས་ཀྱི་སྲས་སུ་འཁྲུངས།རྒྱལ་པོ་ཁྲི་སྲོང་ལྡེ་བཙན་བཞུགས་དུས་ནས་ལོ་ཙྰ་བ་ཆེན་པོའི་གྲས་སུ་གྱུར་ཟིན་པས་ཁོང་གིས་བསྒྱུར་བའི་བཀའ་བསྟན་སྐོར་འགྱུར་བྱང་རྣམས་ནི་འདིར་མ་བྲིས་པས་གཞན་ལས་ཤེས་པ་བྱའོ།ཁོང་གི་གསུང་རྩོམ་ནི།ལྟ་བའི་རིམ་པའི་མན་ངག གསུང་རབ་རིན་པོ་ཆེའི་གཏམ་རྒྱུད།ཆོས་ཀྱི་རྣམ་གྲངས་ཀྱི་བརྗེད་བྱང་།ཆོས་ཀྱི་རྣམ་གྲངས་ཀྱི་བརྗེད་བྱང་གི་རྩ་བ་བཅས་ནི་སྡེ་དགེའི་བསྟན་འགྱུར་སྣ་ཚོགས་ཀྱི་ཇ་དུམ་པའི་ནང་དུ་གསལ།

  • ལེ་ཚན་སྔོན་མ།:བོད་ཡུལ་གྱི་རྡོ་རྐོས་ཡིག་གཟུགས་བྱུང་ཚུལ་ལ་ཅུང་ཟད་དཔྱད་པ།
  • ལེ་ཚན་རྗེས་མ།: བོད་ཀྱི་ཡིག་གཟུགས་བྱུང་འཕེལ་བཤད་པ།