བོ་དོང་པཎ་ཆེན།

        2011-08-25

བོ་དོང་པ་པཎ་ཆེན་ཕྱོགས་ལས་རྣམ་རྒྱལ་ནི་བོད་རབ་བྱུང་དྲུག་པའི་ཤིང་ཡོས་ལོ་སྟེ་སྤྱི་ལོ༡༣༧༥ལོར་གཙང་སྟོད་ལྷོ་ཕྱོགས་དབྱིག་གུ་ཞེས་པའི་འབྲོག་གནས་ཞིག་ཏུ་ཡབ་སྟོན་པ་ཆོས་དབྱིངས་རྒྱལ་མཚན་དང་ཡུམ་བྱང་ཆུབ་སྒྲོན་གཉིས་ཀྱི་སྲས་སུ་སྐུ་བལྟམས། ཆུང་དུས་ཀྱི་མཚན་ལ་གཡུང་དྲུང་སངས་རྒྱས་སྐྱིད་ཅེས་བཏགས།
       དགུང་ལོ་ལྔ་པར་ཡི་གེ་འབྲི་ཀློག་གསན་སྦྱོང་མཛད་པས་དཀའ་ཚེགས་མེད་པར་མཁྱེན། དགུང་ལོ་བདུན་པར་གྱམ་བསམ་གཏན་གླིང་དུ་གང་གི་སྐུ་ཞང་པཎ་ཆེན་གྲགས་པ་རྒྱལ་མཚན་གྱི་དྲུང་ནས་རབ་བྱུང་སྡོམ་པ་ཞུས་པས་མཚན་ལ་སངས་རྒྱས་རྒྱལ་མཚན་ཞེས་གསོལ། དེ་ནས་པཎ་ཆེན་དང་ལྷན་དུ་བོ་དོང་ཨེའི་ཆོས་སྡེར་ཕེབས་ནས་དགེ་ཚུལ་གྱི་སྡོམ་པ་ཡང་དག་པར་བཞེས་པའི་མཚན་དུ་ཆོས་ཀྱི་རྒྱལ་མཚན་ཞེས་གསོལ། གདན་ས་དེར་མཁས་དབང་ཆོས་ཀྱི་རྡོ་རྗེའི་དྲུང་དུ་ཚད་མ་རིག་པ་སྦྱོང་། དགུང་ལོ་བཅུ་དྲུག་ཐོག་ས་སྐྱར་རྣམ་རྣམ་འགྲེལ་གྲྭ་སྐོར་ལ་ཕེབས་དུས་ཐུབ་པའི་དབང་པོ་མཛད་པ་བཅུ་གཉིས་ལ་བསྟོད་པ་དང་། འཇམ་དབྱངས་ཀྱི་བསྟོད་པ་བརྒྱ་པ། གཞོན་ནུ་ནོར་བཟང་གི་རྟོགས་བརྗོད་སོགས་བཀའ་རྩོམ་དུ་མ་མཛད། དེའི་དུས་སུ་གཞུང་ལུགས་ཀྱི་རྩ་བ་ཡོངས་རྫོགས་ལན་གཉིས་གསུམ་ཙམ་བཀླགས་རྗེས་ཐུགས་ལ་ཟིན་པ་བཅས་སྐྱེ་སྟོབས་ཀྱི་ཤེས་རབ་རྒྱས་པ་བྱུང་། དགུང་ལོ་ཉེར་གཅིག་ཐོག་མཚམས་སྒྲུབ་མཛད་པས་ལྷ་མོ་དབྱངས་ཅན་ལྷ་མོའི་བསྟོད་པ་བུང་བའི་གླུ་དབྱངས་ལ་སོགས་མང་དུ་མཛད་ཅིང་། དབུ་མའི་རྩ་བ་དང་། དབུ་མ་ཐལ་འགྱུར། དབུ་མ་རང་རྒྱུད་བཅས་ཀྱི་འགྲེལ་བ་མཐའ་དག་ལ་དཔྱད་པ་ཞིབ་ཏུ་མཛད་པས་བརྗོད་དོན་མ་ལུས་ཐུགས་སུ་ཆུད་པར་མ་ཟད། ཚད་མའི་བསྟན་བཅོས་མཐའ་དག་ལ་ཡང་འདྲིས་ཤིང་བྱང་ཆུབ་པར་གྱུར།
དགུང་ལོ་ཉེར་གསུམ་པར་དབུས་ཕྱོགས་སུ་གྲྭ་སྐོར་ལ་ཕེབས་པའི་ལམ་བར་སྙན་ངག་གི་བསྟན་བཅོས་ཡིད་ཀྱི་ཤིང་རྟ་བཀའ་རྩོམ་གནང་། དེ་ནས་ས་སྡེ་རྩེ་ཐང་དང་གསང་ཕུ་ནེའུ་ཐོག་བཅས་ཕེབས་ནས་གཞུང་ཆེན་པོ་རྣམས་ཀྱི་གྲྭ་སྐོར་མཛད་པས་མཁས་པའི་སྙན་གྲགས་ས་སྟེང་ཀུན་ཏུ་ཁྱབ། དེའི་རྗེས་སུ་སྟག་ལུང་ལ་ཕེབས་ཏེ་ཆོས་རྗེ་བཀྲ་ཤིས་དཔལ་བརྩེགས་དང་ལོ་ཙཱ་བ་ཤཱཀྱ་བཟང་པོ་དག་ལས་གདམས་པ་རྗེས་གནང་ལ་སོགས་ཆོས་སྐོར་མང་དུ་གསན། དུས་དེར་སྟག་མོ་ལུས་སྦྱིན་གྱི་སྐྱེས་རབས་དང་། རྟག་ཏུ་ངུའི་རྟོགས་བརྗོདད་དོན་རྒྱན་གསལ་བའི་མེ་ལོང་ཞེས་བྱ་བའི་གཉིས་བརྩམས། དེ་ནས་གཙང་དུ་ཕེབས་ཏེ་བདག་ཉིད་ཆེན་པོ་གྲགས་པ་རྒྱལ་མཚན་གྱིས་མཁན་པོ་མཛད་དེ་ལས་སློབ་གྲངས་ཚང་གི་དབུས་སུ་བསྙེན་པར་རྫོགས་པའི་སྡོམ་པ་ཡང་དག་བཞེས། དེ་ནས་ཨེ་ཆོས་གདན་ས་མཛད་ནས་སླར་ཡང་རྗེ་གྲགས་པ་རྒྱལ་མཚན་སོགས་མཁས་གྲུབ་དུ་མ་ལུས་དབང་དང་། མན་ངག་གསར་འདུས་སོགས་རྒྱུད་སྡེ་རིན་པོ་ཆེ་འབྱམས་ཀླས་པར་གསན་སྦྱོང་དཔྱིས་ཕྱིན་པ་མཛད་ཅིང་། འཆད་རྩོད་རྩོམ་གསུམ་གྱི་བྱ་བ་ལས་གསུང་ལས་སྐྱེས་པའི་སློབ་མ་བྱང་བ་རྣམ་རྒྱལ་གྲགས་བཟང་། དཀའ་བཅུ་བ་དཔལ་ལྡན་བཟང་པོ་སོགས་བཀའ་བབས་ཉི་ཤུ་རྩ་གསུམ་ད་ང། འཁོར་གྱི་གདུང་རྒྱུད་གསུམ། རིག་སྔགས་འཆང་བ་གཅིག   ཉི་ཟླ་ལྟར་གྲགས་པ་གཉིས།  འཇིག་རྟེན་མིག་གསུམ།  ཕྱོགས་ལས་རྣམ་པར་རྒྱལ་བའི་མཁས་པ་དྲུག    མདོ་སྔགས་ཡོངས་སུ་རྫོགས་པ་བཅུ་གསུམ། གཙུག་རྒྱན་བཅུ་དྲུག   མཚན་ཉིད་རབ་འབྱམས་སྨྲ་བ་བཞི།   སྔགས་རབ་འབྱམས་སྨྲ་བ་གཉིས། སྒྲུབ་པའི་རྒྱལ་མཚན་འཛིན་པ་བཞི། གྲུབ་ཆེན་ལྔ་བཅུ་སོགས་ཤིན་ཏུ་མང་པོ་བསྐྱངས་ཤིང་། གཡག་སྡེ་པཎ་ཆེན་དང་རོང་ཊཱི་ཀ་པ་སོགས་རྩོད་པས་ཕམ་པར་མཛད། བཀའ་རྩོམ་ལའང་གོང་དུ་སྨོས་པ་དག་དང་། ཆོས་མངོ་པར་ཀུན་བཏུས། ཕར་ཕྱིན། རྣམ་འགྲེལ་སོགས་གཞུང་ཆེན་པོའི་འགྲེལ་བ་དང་། ཨེིའི་གནས་བསྟོད། རྒྱལ་བ་ཤཱཀྱའི་དབང་པོ་ལ་ཁྱད་པར་བསྟོད་པ་སོགས་མང་དུ་མཛད་ཅིང་དེང་དུས་ཕྱི་རྒྱལ་དུ་པར་སྐྲུན་བྱས་པའང་པོད་ཆིག་བརྒྱ་སོ་བདུན་བཞུགས་པར་གྲགས། ཁོང་མི་ཚེ་ཧྲིལ་པོར་བསྟན་འགྲོའི་དོན་ཁོ་ན་མཛད་མཐར་དགུང་ལོ་བདུན་ཅུ་དོན་བདུན་པར་རབ་བྱུང་བརྒྱད་པའི་ལྕགས་ལུག་ལོ་སྟེ་སྤྱི་ལོ༡༤༥༡ལོར་སྐུ་གཤེགས་སོ། །
    རྩོམ་སྒྲིག་འགན་ཁུར་བ་ཨོ་རྒྱན་དོན་གྲུབ།
 

  • ལེ་ཚན་སྔོན་མ།:མ་ཅིག་ལབ་ཀྱི་སྒྲོལ་མ།
  • ལེ་ཚན་རྗེས་མ།:ཕྱྭ་པ་ཆོས་ཀྱི་སེང་གེ