རི་བོ་གཉན་ཆེན་ཐང་ལྷ་དང་གནམ་མཚོ་ཕྱུག་མོའི་རང་བྱུང་གི་ཆགས་ཚུལ་སྐོར་བཤད་པ།

        2011-08-24

དབུས་འགྱུར་ས་ཡི་ཐིག་ལེ་དཔལ་གྱི་ཆོས་འཁོར་ལྷ་ས་དབུས་སུ་བྱས་པའི་བྱང་ཕྱོགས་བོད་ཀྱི་གངས་རི་ཉེར་གཅིག་གི་ཁོངས་སུ་གཏོགས་པ་བྱང་གི་གཉན་ཆེན་ཐང་ལྷ་ཞེས་ཡོངས་སུ་གྲགས་པའི་རི་བོ་ནི་བྱང་གི་གནམ་མཚོ་ཕྱུག་མོའི་ལྷོ་ཕྱོགས་སུ་ཆགས་ཡོད།ས་ཁྲའི་ཐོག་གི་ཤང་ཐི92—93གི་ཁོག་འཁེལ་ཡོད།དེའི་རི་བརྒྱུད་ནི་ཧ་ཅང་རིང་ཞིང་ནུབ་རྒྱུད་དཔའ་ཤོད་རྫོང་གི་བར་དུ་ཆགས་ཡོད།
ཆ་སྙོམས་ཀྱི་རི་བོའི་མཐོ་ཚད་རྒྱ་མཚོའི་ངོས་ལས་རྨིད5800—6000ཡིན་པ་དང་།རི་བོའི་རྩེ་མོ་མཐོ་ཤོས་དེ་རྒྱ་མཚོའི་ངོས་ནས་རྨིད་7117ཡིན་པས་རི་མགོར་ཁ་བས་གཡོགས་ཤིང་།སྤྲིན་དང་ན་བུན་གྱི་ཁྲོད་དུ་གནས་པ་ནི་དར་གྱི་ལ་ཐོད་ཀྱིས་བརྒྱན་པའི་མི་ཆེན་ཞིག་བརྗིད་ཆགས་ཀྱིས་འགྱིང་ཞིང་གནས་པ་དང་།མཐའ་འཁོར་གྱི་རེ་རྒྱུད་རྣམས་མཛེས་སྡུག་གིས་གནས་པ་ནི་རི་བོང་འཛིན་པ་རྒྱུ་སྐར་གྱི་ཕྲེང་བས་བསྐོར་བ་དང་འདྲའོ།།
 ཨ་སྔོན་ཐང་ལ་ལྷུང་བ་དང་འདྲ་བའི་བྱང་གི་གནས་མཚོ་ཕྱུག་མོ་ནི་འདམ་གཞུང་རྫོང་དང་།དཔལ་མགོན་རྫོང་གི་ས་མཚམས་སུ་ཡོད་ཅིང་།འབོ་ཆུང་ལ་སོགས་པའི་ཆུ་བོ་དང་ཆུ་ཕྲན་རྣམས་འདིར་འབབ།མཚོ་དབྱིབས་ནི་ནར་ལོའི་ཚུལ་དུ་ཡོད་པ།ཤར་ནུབ་ཀྱི་ཁ་ཞེང་སྤྱི་ལེ་བདུན་ཅུ་ཡིན་པ་དང་།ལྷོ་བྱང་གི་ཁ་ཞེང་སྤྱི་ལེ་སུམ་ཅུ་ཡིན་པས།མཚོ་ངོས་ཀྱི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ་1993ཡིན་པ་དེ་བོད་རང་སྐྱོང་ལྗོངས་མངའ་ཁོངས་ཀྱི་མཚོ་ཆེ་ཤོས་ཡིན་པ་དང་།མཚོ་ངོས་ཀྱི་མཐོ་ཚད་རྒྱ་མཚོའི་ངོས་ནས་རྨི4118ཡིན་པས་འཛམ་གླིང་ཐོག་མཚོ་ངོས་མཐོ་ཤོས་ཤིག་ཡིན།གནའ་རབས་སུ་མཚོ་དེ་ཉིད་ཤིན་ཏུ་ཆེ་བ་ཞིག་ཡིན་རུང་།ས་ཆ་སྐམ་ཤས་ཆེ་བས་ཕྲན་བུར་ཆུང་དུ་ཕྱིན་ཡོད་ཅེས་ཟེར།མཚོ་ངོས་ཀྱི་དོའམ་གླིང་ཕྲན་དུ་ཅོང་ཞིའི་བྲག་ལས་གྲུབ་པའི་རང་བྱུང་གི་ཕུག་པ་དང་།རྡོ་ཡི་ཀ་བ།ཟམ་པ་འདྲ་བ་ལ་སོགས་པའི་ངོ་མཚར་དུ་མས་ཕྱུག་པ་དང་།མཚོ་སྟེང་དུ་ངང་པ་དང་།ཆུ་སྐྱར།ཁྲུང་ཁྲུང་སོགས་བྱ་རིགས་དང་།འབྲོང་དང་།དགོ་བ།ཤྭ་བ།རྣ་བ་ལ་སོགས་པའི་རི་དྭགས་རྣམས་བག་ཕེབས་པར་གནས་པའོ།།
(རྩོམ་སྒྲིག་པ་བདེ་ཆེན་དབང་མོ།)
 
 
  • ལེ་ཚན་སྔོན་མ།:གངས་རི་ཇོ་མོ་གླང་མ།
  • ལེ་ཚན་རྗེས་མ།:རི་བོ་ཧི་མ་ལ་ཡའི་སྐོར་རགས་ཙམ་གླེང་བ།