མུ་ལི་སྟེང་གི་རྒྱ་མཚོ།

        2011-08-24

རང་རྒྱལ་ཡུན་ནན་ཞིང་ཆེན་ཉིན་ལང་རྫོང་ནས་སྤྱི་ལེ70ལྷག་གི་སར་མཐོ་སྒང་གི་ལྟེམས་སུ་འཁྱིལ་བའི་མུ་ལི་སྟེང་གི་རྒྱ་མཚོ་ཞེས་པའི་དྭངས་གསལ་མཚོ་མོ་དགུང་སྔོན་གནམ་དང་འདྲེས་པ་དེ་ཆགས་ཡོད།མཚོ་ངོས་ཀྱི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ48དང་མཚོའི་དཀྱིལ་ན་གླིང་ཕྲན་བདུན་ཡོད་པ་རེད། མཚོ་འདིའི་མིང་ལ་མོའུ་སིའུ་རིགས་ཀྱི་སྐད་དུ་མོའུ་སོའུ་ཞིས་ཞེས་གནའ་ནས་ད་ལྟའི་བར་དུ་གྲགས་ཡོད།མོའུ་སོའུ་རིགས་ཀྱི་སྐད་དུ་ཞིས་ནི་མཚོའི་དོན་ཡིན།རྒྱ་སྐད་དུ་ལུའུ་ཀུའུ་ཧུའུ་རུ་འབོད་པའི་རྒྱུ་མཚན་ནི་མཚོ་མོའི་དབྱིབས་ཀ་བེད་ཀྱི་སྐེ་ཉག་ཅན་དེ་དང་འདྲ་བས་དེ་ལྟར་ཐོགས་པར་བཤད།བོད་སྐད་དུ་མུ་ལི་སྟེང་གི་རྒྱ་མཚོ་ཡིན་པར་འདོད།མཚོ་འདི་ནི་ཡུན་ནན་ཞིང་ཆེན་གྱི་ཉིན་ལང་རྫོང་དང་སི་ཁྲོན་ཞིང་ཆེན་གྱི་མུ་ལི་རྫོང་གཉིས་ཀྱི་བར་ན་འཁྱིལ་ཡོད།མཚོ་མོའི་ཁ་གཏད་མུ་ལི་ཡི་ཕྱོགས་ན་ལྷ་མོའི་གནས་རི་ཡོད་པ་དང་ཆོས་དད་པ་རྣམས་ཀྱིས་ལྷ་མོ་སྤྱན་འདྲེན་དུས་མུ་ལི་སྟེང་གི་རྒྱ་མཚོ་ནས་ལྷ་མོ་གདན་འདྲེན་ཞུ་བ་ཡིན་ཞེས་གྲགས། མཚོ་མོ་འདིའི་འབྱུང་ཁུངས་ཀྱི་ཐད་མོའུ་སོའུ་རིགས་ཀྱི་རྒན་པ་རྣམས་ཀྱི་ངག་རྒྱུན་དུ་འདི་འདྲ་ཞིག་མཆིས་ཏེ་གནའ་སྔ་མོར་འབྲས་ཕོན་སྡེ་བར་བུ་མོ་མཛངས་མ་མཛེས་སྡུག་ཡིད་དུ་འོང་བ་ཞིག་ཡོད་པ་དེས་དུས་རྟག་པར་འཐག་ལས་ཀྱི་ལས་ཀ་ལས་དུས་ནམ་མཁའ་དང་སྤྲིན་དཀར།འཇའ་ཚོན།བྱ་བྱིའུ་སོགས་མོའི་མིག་ལམ་དུ་མཐོང་ཚད་ཚང་མ་ལག་པས་བཏགས་ཐུབ་པ་ཞིག་བྱུང་།མི་ཆེ་ཆུང་དང་རྒན་གཞོན་ཚང་མས་ཧ་ལས་ནས་ལྟད་མོ་ལྟ་སར་མི་འོང་མཁན་གཅིག་ཀྱང་མེད།ནང་སྒོས་སུ་ཕོ་གསར་མང་པོ་ཡོང་ནས་མོ་ལ་དགའ་རོགས་སྒྲིག་འདོད་ཀྱི་བསམ་ཚུལ་སྟོན་མཁན་དག་ལ་མོས་ཡ་ལན་མ་བྱིན་པར་ཚང་མར་མེ་ཏོག་བཏགས་ཡོད་པའི་སྐེ་དཀྲི་རེ་བྱིན་པ་རེད།ནམ་ཞིག་གནམ་མཁའི་ལྷ་ཡང་ངོ་མཚར་ནས་ལྟད་མོར་ཡོང་སྟེ་བུ་མོ་རླུང་འཚུབ་གཅིག་ལ་བཅུག་ནས་འཕྲོགས་སོང་བས།ས་དེའི་ཕོ་མོ་རྒན་གཞོན་ཚང་མས་ཀི་བཏབ་པ་དང་འབོད་པ་བཏང་བས་ལྷ་དེའང་དངངས་འཚབ་ཅིག་སྐྱེས་ཏེ་མོ་རང་བཏང་།ཡིན་ནའང་མོ་རང་ཕྱིར་མི་ཡུལ་དུ་ཡོང་ཐབས་བྲལ་བས་དཀར་མོ་རི་ཡི་བྲག་སྣེ་དཀར་པོའི་སྟེང་དུ་བབས།  དུས་དེ་ནས་བཟུང་མོའི་རྣམ་ཤེས་ལྷ་རུ་གྱུར་ནས་ཁོག་སྟོད་དུ་གོས་ལྭ་དཀར་པོ་གྱོན།ཆིབས་སུ་ཤ་བ་དཀར་པོ་ཞིག་བཅིབས།ལག་པ་གཡས་སུ་གསེར་གྱི་གླིང་བུ་དང་ལག་གཡོན་པས་མུ་ཏིག་གི་སྡོང་བོ་འཆང་།ལོ་དང་ཟླ་བ།ཉིན་དང་མཚན་དུ་ཡུལ་ལུང་འདིའི་མི་དམངས་ལ་མགོན་སྐྱབས་མཛད་ནས་བཞུགས་པའོ།། མཚན་ཞིག་ལ།ཐག་རིང་གི་གཞི་བདག་ཅིག་ལམ་རིང་ཐུང་མང་པོ་བརྒྱུད་ནས་མོའི་སར་ཡོང་བས།མོ་བཙལ་ནས་མ་རྙེད་པས་མྱུར་དུ་རྟ་ཁ་དཀྱུས་ནས་སོང་བ་ལ་རྟ་སྐད་འཚེར་བ་མོས་ཚོར་ཏེ་ཕྱི་བཞིན་བསྙེགས་ཀྱང་རྗེས་མ་ཟིན།དེ་དུས་ནམ་གསལ་ལ་ཉེ་བས་རྟ་རྗེས་ཆེན་པོ་དེ་མཐོང་སྟེ་མོ་རང་མིག་ཆུ་ཤོར་ནས་འབོད་པ་བཏང་།མོའུ་སོའུ་ཡི་རྒན་རབས་རྣམས་ཀྱིས་རྟ་རྗེས་ཆེན་པོ་དེའི་ནང་དུ་ལྷ་མོའི་མིག་ཆུ་འཁྱིལ་བས་ད་ལྟའི་མཚོ་མོ་འདི་ཆགས་པ་ཡིན་ཟེར།ལྷ་མོས་འབོད་པ་བཏང་བ་ཐག་རིང་གི་གཞི་བདག་གིས་ཚོར་བས་འབྲལ་མི་ཕོད་པར་ཁ་མིག་ཕྱིར་ལྟ་ཐེངས་འགའ་བྱས་ནས་མིག་ཆུའི་མཚོ་ནང་ལ་མེ་ཏོག་རྡོག་འགའ་དང་མེ་ཏོག་གི་འབྲས་བུ་འགའ་གཏོར་པས་མུ་ཏིག་རྡོག་པོ་དེ་དག་ད་ལྟའི་གླིང་ཕྲན་དུ་གྱུར་པ་དང་མེ་ཏོག་གི་འབྲས་བུ་དེ་དག་ད་ལྟའི་མིག་ལམ་དུ་མངོན་པར་བཀྲ་བའི་མེ་ཏོག་དཀར་དམར་འདི་དག་ཡིན་པར་བཤད་དོ།།(རྩོམ་སྒྲིག་པ་བདེ་ཆེན་དབང་མོ།)
 
 
  • ལེ་ཚན་སྔོན་མ།:མཛེས་སྡུག་ལྡན་པའི་ཀོང་པོའི་བྲག་གསུམ་མཚོ།
  • ལེ་ཚན་རྗེས་མ།:བོད་ཀྱི་གྲགས་ཅན་མཚོ་སྟེ་ཡར་འབྲོག་གཡུ་མཚོ།