གནམ་སའི་བར་ན་གཟི་བྱིན་གྱི་དྲོད་རླངས་མ་ཡལ་པའི་འབྲོག་པའི་སྦྲ་ཁྱིམ།

ཐུབ་བསྟན་དང་མིག་དམར་གྱིས་བསྡུས།        2011-08-11

གནམ་སའི་བར་ན་གཟི་བྱིན་གྱི་དྲོད་རླངས་མ་ཡལ་པའི་འབྲོག་པའི་སྦྲ་ཁྱིམ།
མཁས་དབང་ནམ་མཁའི་ནོར་བུའི་བྱང་འབྲོག་ལམ་ཡིག་ཏུ་འདི་ལྟར་བཀོད་ཡོད་དེ།འབྲོག་མི་དག་གི་རྒྱུན་སྡོད་ཀྱི་གནས་ནི་རྩིད་རེས་བཟོས་པའི་སྦྲ་ཆེ་ཆུང་དག་ཡིན་ཞིང་།ཡུལ་དེ་དག་ཏུ་རོང་ཡུལ་ལྟ་བུའི་མཁར་ཁང་ནི་དགོན་སྡེ་ཁག་མ་གཏོགས་སུའང་མེད་པ་རེད།དེའི་དོན་ནི།སྤྱིར་འབྲོག་ཡུལ་དུ་ཤིང་ཆའི་རིགས་ཧ་ཅང་དཀོན་ཞིང་།དགོས་ངེས་པའི་སྦྲའི་ཀ་བ་སོགས་ཀྱང་ཧ་ཅང་ས་ཐག་རིང་ཞིང་འགྲུལ་བཞུད་བྱེད་དཀའ་བའི་ཡུལ་ཁག་ནས་འཐོན་དགོས་ཀྱི་ཡོད་པ་དང་།མ་ཟད་འབྲོག་དམངས་ཀྱི་འཚོ་རྟེན་གཙོ་བོ་ནི་དེ་དག་ལ་གང་ཡོད་ལ་ཡོད་པའི་སྒོ་ཕྱུགས་དག་ཡིན་ཞིང་།སྒོ་ཕྱུགས་ནི་རྟག་པར་གཟས་ཁ་གང་བཟང་གི་གནས་ལ་བརྟེན་དགོས་པ་ལྟར།དབྱར་དགོན་སྟོན་དཔྱིད་ཀྱི་དུས་སོ་སོར་སྡོད་ཡུལ་སྤོ་དགོས་པས་ཁང་ཁྱིམ་གྱིས་ཕན་ཐོགས་མེད་པ་རེད།འབྲོག་པའི་སྦྲ་ཕལ་ཆེ་བ་ནི་ཧ་ཅང་ཆེ་ཞིང་སྤུས་དག་པོ་ཤ་སྟག་ཡོད་འདུག་ཅིང་།དེ་དག་ནི་འབྲོག་མི་རང་ཉིད་ཀྱི་ལག་ཤེས་ལ་བརྟེན་ནས་འཁལ་འཐག་བྱས་པའི་རྩིད་རེ་ནག་པོ་འབའ་ཞིག་གིས་བཟོས་པ་རེད།སྦྲ་ཆེན་པོ་འགའ་ཤས་ཀྱི་ནང་དུ་ཀ་བ་བཅུ་གཉིས་དང་།ཡང་ན་བཅུ་དྲུག་ཙམ་ཡོད་འདུག་པ་དང་།སྦྲའི་ཕྱི་ལོགས་སུ་ཆོན་ཐག་རིང་ཐུང་ཧ་ཅང་མང་པོ་ཞིག་ཡོད་པ་རེད།འབྲོག་པའི་གཞོན་ནུ་དག་གིས་ཁེད་རྩོད་པའི་ཚེ།གཡག་ཡུ་བརྒྱ་ལ་སྣ་ཐག་གཅིག་ཅེས་པའི་དོན་གང་རེད།ཅེས་དྲིས་པའི་ལན་དུ་དེ་ནི་ཕྲེང་བ་རེད་ཅེས་དང་།ཡང་གཡག་ཡུ་གཅིག་ལ་སྣ་ཐག་བརྒྱ་ཅེས་པའི་དོན་གང་རེད་ཅེས་དྲིས་པའི་ལན་དུ་དེ་ནི་སྦྲ་ཆེན་རེད་ཅེས་ཤོད་སྲོལ་འདུག་པ་དེ་བདེན་པ་འདྲ་ཞིག་སྣང་།སྤྱིར་བཏང་སྦྲ་ཕུག་ནས་སྒོ་ཁར་བལྟས་པའི་གཡས་ཕྱོགས་ཀྱི་མིང་ལ་མོ་སྦྲ་ཞེས་བྱ་སྟེ།དེའི་ནང་དུ་རྟག་པར་བུད་མེད་ཀྱི་རིགས་རྣམས་གནས་ཤིང་།ཞོ་མར་ལ་སོགས་པ་དཀར་ལས་ཀྱི་རིགས་གཙོ་ཆེ་བའང་དེའི་ནང་དུ་བྱེད་ཅིང་།སྦྲ་ཆེན་འགའ་ཤས་ལ་མོ་སྦྲའི་ནང་དུ་གཉེར་ཁང་ཟུར་ཆོད་བཟོས་པའང་སྣང་ངོ་།གཡོན་ཕྱོགས་ལ་ཕོ་སྦྲ་ཞེས་བྱ་སྟེ་རྟག་པར་ཕོའི་རིགས་དེར་གནས་ཤིང་།འགྲུལ་པའི་སྡོད་གནས་ཀྱང་དེར་བྱེད་པ་དང་།ཤ་སོགས་དམར་ལས་གང་བྱེད་དགོས་པའང་དེར་བྱེད་ཆོག་གི་ཡོད་པ་རེད།སྦྲ་ཆེན་ཕལ་ཆེ་བའི་ཕོ་སྦྲའི་ནང་དུ་མཆོད་ཁང་ཆུང་ངུ་རེ་ཟུར་ཆོད་བཟོས་འདུག་པ་དེ་དག་ཏུ་རྒྱུན་གྱི་མཆོད་གནས་འབྲེལ་ཆེ་བ་དག་བཞུགས་སྲོལ་ཡོད་པ་རེད།འབྲོག་མི་དག་གིས་མོ་སྦྲའི་ནང་དུ་ཤ་དམར་རྗེན་གཏན་ནས་ཁྱེར་སྲོལ་མེད་ཅིང་།གལ་ཏེ་ཁྱེར་བ་ཡིན་ན་གུང་ལྷ་འཁྲུགས་ནས་མི་ཕྱུགས་ལ་གོད་ཁ་འབྱུང་བར་བཤད་དོ།།དེ་ཡང་མོ་སྦྲའི་ནང་དུ་གུང་ལྷ་ཞེས་བྱ་བའི་ལྷ་རྟེན་སོགས་ཕོ་སྦྲ་ལས་ཐ་དད་པ་ནི་གང་ཡང་མི་སྣང་ཞིང་།གུང་ཞེས་པའི་མིང་འདོགས་ཡུལ་དངོས་ནི་སྦྲའི་ཀླད་ཁུང་སྟེ།དེས་མཚོན་བྱེད་དུ་བྱས་པའི་མཚོན་བྱའི་ལྷ་ཞིག་ལ་ཡིད་བརྟན་བྱས་པའམ་ཡང་ན་གནའ་དུས་ཀྱི་ལོ་རྒྱུས་འགའ་ཞིག་ལ་ལྟོས་པ་གང་ཡིན་མ་ངེས་ཤིང་།ཡང་ཡ་མཚན་འོས་པ་ཞིག་ལ།འབྲོག་མི་དག་གིས་ཁ་ཆར་ཧ་ཅང་དྲག་པོ་འབབ་བའི་དུས་སུ་མ་གཏོགས་ཉིན་མཚན་གང་གི་དུས་ཡིན་ཡང་རུང་སྦྲའི་གུང་ཡོངས་རྫོགས་བསུམ་སྲོལ་མི་འདུགསྐབས་འགར་གཞོན་ནུ་དག་གིས་གུང་ཐག་འཐེན་ཆེས་པས་ཡོངས་རྫོགས་བསུམས་པའི་ཚེ།ཕ་མ་དག་ན་རེ།གུང་ནག་མ་བྱེད།དམུ་གབ་ཡོང་དོག་གི་ཅེས་ཟེར་ཞིང་གུང་ཅུང་ཟད་ཕྱེ་ནས་འཇོག་སྲོལ་འདུགའབྲོག་མི་ཕྱུག་པོ་དག་གི་སྦྲ་ཆེན་གྱི་གཡས་གཡོན་དུ་ནག་ཚང་ཞེས་བྱ་བ་སྦྲའི་བཟོ་དབྱིབས་ཐ་དད་པ་ཆུང་ངུའི་གྲས་འགའ་རེའང་ཡོད་འདུག་པ་དེ་དག་ནི་ནང་གི་ཕ་མའི་སྡོད་ཁང་ངམ།བླ་མཆོད་ཀྱི་ཆེད་དམ།འགྲུལ་པའི་ཆེད་དམ།ལག་བཟོ་བ་སོགས་དགོས་པ་མི་འདྲ་བ་དག་གི་ཆེད་དུ་ཡིན་འདུག་པ་དང་།ཡང་གུར་ར་ཞེས་བྱ་བ་ཆུང་ངུ་དག་ཕྱུགས་ལྷས་ཀྱི་མཐའ་བསྐོར་རྣམས་སུ་ཡོད་འདུག་པ་དེ་དག་ནི་ཕྱུགས་སྲུང་བ་དག་གི་ཆེད་དུ་ཡིན་པ་རེད།གཞན་ཡང་གཡབ་ཅེས་པ་ཚོང་འགྲུལ་པའི་ཆེད་དང་།
 རས་ཀྱིས་བཟོས་པའི་གུར་དང་།ཁྲ་གུར།ཅོག་གུར་སོགས་བཟོ་དབྱིབས་མི་འདྲ་བ་མང་དག་སྣང་བ་དེ་དག་ཀྱང་གནས་དུས་ཀྱི་དགོས་པ་མི་འདྲ་བ་དག་ལ་བརྟེན་ནས་བཟོས་པ་སྟེ།མདོར་ན་རོང་ཡུལ་གྱི་གྲོང་དང་གྲོང་གསེབ་ན་གནས་པའི་མི་དག་གི་མཁར་ཁང་ཆེ་ཆུང་སྣ་ཚོགས་པ་དག་དང་འདྲ་བ་ཡིན་ནོ།།འབྲོག་སྦྲ་ཕུར་ཅན་དང་རོང་ཤིང་སྒོ་ཅན་ཞེས་པའི་འབྲོག་སྦྲ་ཕུར་ཅན་ཟེར་དོན་ཡང་།བོད་འབྲོག་པ་རྣམས་སྡོད་གནས་སུ་འབུབས་རྒྱུའི་སྦྲ་ནག་དེ་ནོར་ནག་འབྲི་གཡག་གི་ཁུལ་རྩིད་ཁོ་ན་བཀལ་ནས་རྒྱུ་སྤུན་བྱས་ཏེ་ཐགས་ཆས་ཀྱིས་བཏགས་པའི་རེ་ལྡེ་རེ་བཤིབས་ནས་བཟོས་ཤིང་།དེ་བརྒྱངས་ནས་འབུབས་བྱེད་དུ་ས་འཇུ་ཆོན་ཐག་ཅེས་རྩིད་ཐིག་རིང་ཐུང་དུ་མ་ཞིག་དགོས་པ་དང་།དེའི་ཐག་པ་རེ་རེ་ལ་ཕུར་བ་རེ་རེ་དགོས་པས་འབྲོག་སྦྲ་ཕུར་ཅན་ནམ་སྦྲ་ནག་ཅན་ཞེས་པའི་མིང་དེ་ནོར་ནག་གི་ལུས་ལས་བྱུང་བའི་དངོས་པོའི་མཐུན་རྐྱེན་གྱི་སྒོ་ནས་བཏགས་པ་ཞིག་རེད།སྦྲ་ནི་བོད་འབྲོག་པའི་གནས་ཁྱིམ་མེད་དུ་མི་རུང་བ་རུ་སྤོ་བ་སོགས་ལ་སྟབས་བདེ་ཞིང་གྲང་རླུང་བསེར་གསུམ་དང་ཁ་ཆར་བུ་ཡུག་སོགས་འགོག་པའི་ནུས་པ་དང་ལྡན་པ་ཞིག་རེད།དེང་སང་ཏང་དང་རྒྱལ་ཁབ་ཀྱིས་འབྲོག་མིའི་གཞིས་ཆགས་སྤྱོད་སྤེལ་ནས་བཀོད་ལེགས་ཡིད་དུ་འོང་བའི་ཁང་གསར་རྣམས་ཆར་རྗེས་ཀྱི་ཤ་མོ་བརྡོལ་བ་བཞིན་དུ་འབྲོག་སྡེ་ག་ས་ག་ལ་ཁྱབ་ཅིང་མིག་གི་བདུད་རྩིར་གྱུར་པ་དང་།དཔེ་གསར་ཅན་གྱི་དེང་རབས་ནུས་བཟང་སྦྲ་གུར་རྣམས་ཀྱང་མུ་ཏིག་ལ་ཕྲ་བརྒྱབ་པ་ཇི་བཞིན་རྩྭ་ཐང་ཀུན་ཏུ་ཐང་མར་བརྡལ་བའི་བསྐལ་བཟང་གི་དུས་ཤིག་ཤར་མོད།འོན་ཀྱང་དུས་འགྱུར་དང་སྤྱི་ཚོགས་འཕེལ་འགྱུར་གྱི་རྦ་ཀློང་ཁྲོད་དུ་ཕ་མེས་ཡང་མེས་རྣམས་ཀྱི་བློ་གྲོས་ཀྱི་ཉིང་བཅུད་ལས་ཕྱུང་པའི་རིན་ཆེན་ནོར་བུ་སྟེ་སྦྲ་ནག་གྲུ་བཞི་ལས་བྱུང་བའི་བདེ་ལྡན་གྱི་དྲོད་འཁོལ་དེ་ཇི་སྲིད་བསྐལ་པ་མ་འཇིག་གི་བར་དུ་ཡལ་མི་སྲིད་དོ།།

  • ལེ་ཚན་སྔོན་མ།:བོད་ཀྱི་སྤོས་སྐྱོད་སྡོད་ཁང་སྦྲ་ནག་གླེང་བ།
  • ལེ་ཚན་རྗེས་མ།:སྦྲའི་བཟོ་ཐབས།