གོམས་གཤིས་བཟང་བོ་ལོབས་སུ་འཇུག་པ་ནི་སློབ་གསོའི་ལས་འགན་དང་པོ་རེད

    བོད་ཀྱི་སློབ་གསོའི་དྲ་བ།    2011-08-01

 ངག་རྒྱུན་དུ་གོམས་གཤིས་བཟང་བོ་ལོབས་ན་བྱ་བ་མཐའ་དག་ལེགས་གྲུབ་འབྱུང་བ་དང་། གོམས་གཤིས་ངན་པ་ལོབས་ན་བྱ་བ་ཡོད་ཚད་ཀྱི་རྔ་མ་འཁྱོངས་དཀའ་ཟེར་བ་ལྟར། དགེ་རྒན་ལ་མཚོན་ན་རང་གི་སློབ་མ་རྣམས་དང་། ཕ་མ་ཚོར་མཚོན་ན་རང་གི་བུ་བུ་མོ་ཚང་མར་ཡ་རབས་ཀྱི་སྤྱོད་སྟངས་ལྡན་པ་དང་། སྦྱང་འབྲས་བཟང་བོ་ཐོབ་པ། ཁ་ལེན་ཚིག་བརྩི་དང་། དྲངས་ལམ་དུ་ཞུགས་པར་རེ་བ་ཆེན་པོ་བཅངས་ཡོད། སློབ་གསོར་མཚོན་ནས་བཤད་ན་གོམས་གཤིས་བཟང་བོ་ཞིག་ལོབས་དགོས་པ་དེ་ནི་གལ་ཆེན་ནང་གི་གཙིགས་ཆེན་ཞིག་རེད།
   གོམས་གཤིས་ནི་སློབ་མར་སྦྱང་འབྲས་ཐོབ་མིན་གྱི་འགག་རྩ་ལྟ་བུ་ཡིན་པ་དང་། སྦྱང་འབྲས་བཟང་བོ་ཐོབ་དགོས་ན། མི་རང་སྒེར་ལ་མཚོན་ན། གཙོ་བོ་རྒྱུ་རྐྱེན་གཉིས་འཛོམས་དགོས། གཅིག་ནི་རིག་སྟོབས་ཀྱི་རྒྱུ་རྐྱེན་ཏེ། སྐྱེས་ཐོབ་ཀྱི་རིག་པ་དང་། གཉིས་ནི་རིག་སྟོབས་མིན་པའི་རྒྱུ་རྐྱེན་རེད། དེ་ནི་གཙོ་བོ་མི་ཡི་དགའ་ཕྱོགས་དང་། ཀུན་སློང་། བརྩེ་སེམས། སྙིང་སྟོབས། ངང་རྒྱུད། གཤིས་རྒྱུད་སོགས་སྟོན་གི་ཡོད་ལ། སྦྱང་བརྩོན་གྱི་ཚད་ལའང་བསྟན་ཡོད། སྐྱེས་ཐོབ་ཀྱི་རིག་པ་ཧ་ཅང་གལ་ཆེ་བ་ནི་བཤད་མ་དགོས་པ་ཞིག་རེད། ཡིན་ཡང་སློབ་མ་ལ་ལར་ཧ་ཅང་སྦྱང་གྲུང་འཛོམས་ཀྱང་། སློབ་སྦྱོང་གི་འབྲས་བུ་དེ་འདྲ་བཟང་རྒྱུ་མེད། དེ་ལས་ལྡོག་སྟེ་སློབ་མ་ལ་ལའི་རིག་པ་དེ་འདྲ་མི་རྣོ་ཡང་། སྦྱང་འབྲས་ཧ་ཅང་བཟང་། དེའི་རྒྱུ་མཚན་ཅི་རེད་ཟེར་ན། རིག་སྟོབས་མིན་པའི་རྒྱུ་རྐྱེན་དེས་ལྡོག་ཕྱོགས་ཀྱི་ནུས་པ་ཆེན་པོ་འདོན་བཞིན་ཡོད་པ་དེ་རེད། སློབ་སྦྱོང་ལ་ཡར་སྐུལ་གྱི་ནུས་པ་འདོན་པའི་རྒྱུ་རྐྱེན་གཙོ་བོ་ནི་སློབ་སྦྱོང་གི་གོམས་གཤིས་བཟང་བོ་རེད། སྐྱེས་སྟོབས་ཀྱི་ཤེས་རབ་ཅན་ནི་བརྩོན་འགྲུས་ཆེན་པོ་ལས་བྱུང་བ་ཡིན་ཞེས་པ་ལྟར། ཞིབ་འཇུག་ལས་བརྒྱ་ཆའི་གོ་བརྒྱད་ཀྱི་མིའི་རིག་སྟོབས་ཕལ་ཆེར་གཅིག་འདྲ་ཡིན་པ་དང་། དེའི་ནང་གི་མི་གཅིག་ལ་སློབ་སྦྱོང་གི་གོམས་གཤིས་བཟང་བོ་ཞིག་འཛོམས་ན། དེས་སྙིང་རུས་ཆེན་པོས་སློབ་སྦྱོང་དང་། ཧུར་ཐག་འབད་ཐག་སྒོས་རྒྱུན་དུ་ཡར་ཐོན་ཡོང་ཐབས་བྱས་ན། རང་ཉིད་གཞན་དབང་དུ་ཤོར་བ་ལས་རང་རྟོགས་རང་འགུལ་དུ་འགྱུར་ཐུབ་པ་དང་། སྦྱང་འབྲས་ཡང་བཟང་བོ་ལོན་པ་ར་སྤྲོད་བྱུང་། དེས་ན་གོམས་གཤིས་བཟང་བོ་ཞིག་ལོབས་པར་གཤམ་གསལ་གྱི་ཐབས་ཤེས་འགའ་ཡོད།
  གོམས་གཤིས་བཟང་བོ་ལོབས་སུ་འཇུག་པ་ནི་སློབ་གསོའི་ལས་འགན་དང་པོ་རེད
 

དང་པོ། ཁྱིམ་ཚང་གི་སློབ་གསོ། ཕ་མ་ནི་བྱིས་པའི་དགེ་རྒན་དང་པོ་ཡིན་ཟེར་བ་ལྟར། ཕ་མ་དང་ཁོ་ཚོའི་བུ་བུ་མོའི་བར་དམིགས་བསལ་གྱི་འབྲེལ་བ་ཡོད། ཕ་མར་མཚོན་ན། ཁོ་ཚོས་ཁྱིམ་ཚང་ནང་དུ་དམིགས་བསལ་གྱི་གོ་གནས་བཟུང་ཡོད། ཁྱིམ་ཚང་ཞེས་པའི་དམིགས་བསལ་གྱི་ཁོར་ཡུག་དེའི་ནང་། ཕ་མས་རང་གི་བུ་བུ་མོ་ལ་དུས་རྒྱུན་དུ་ཕྱོགས་གང་ཐད་ཀྱི་སློབ་གསོ་བཟང་བོ་བཏང་ན། ཐུན་མོང་མ་ཡིན་པའི་ནུས་པ་ཐོན་ཐུབ། ཕ་མའི་ངག་སློབ་དཔེ་སྟོན་དང་། ཁྱིམ་ཚང་གི་འཚོ་བ་རོལ་སྟངས། དེ་མིན་རིག་གནས་སྣང་ཚུལ་བཅས་ཚང་མས་རང་གི་བུ་བུ་མོར་ཐད་ཀར་དང་མངོན་སུམ། ཡང་ན་རིམ་གྱིས་ཤུགས་རྐྱེན་ཐེབས་པ་བཅས་ཀྱི་སྒོ་ནས་སློབ་གསོ་དང་། ཡིད་འགུལ། ཤན་ཤུགས་སོགས་ཐེབས་ངེས་རེད། ཕ་མས་རང་རྟོགས་ཡིན་མིན་གྱི་སྒོ་ནས་རང་གི་མི་ཚེའི་ལྟ་བ་དང་རིན་ཐང་ལྟ་ཚུལ། དེ་མིན་བྱ་སྤྱོད་ཚད་གཞི་བཅས་ཀྱིས་བྱིས་པ་སྐྱེད་སྲིང་དང་། བྱིས་པར་ཡིན་མིན་ཕྱོགས་གཉིས་ཀྱི་ཤན་ཤུགས་ཐེབས་སུ་འཇུག་བཞིན་ཡོད། བྱིས་པའི་བྱ་སྤྱོད་ནི་ཕ་མའི་འདུ་ཤེས་ཕྱིར་མངོན་པ་ཤ་སྟག་ཡིན་ཤོས་ཆེ། སློབ་གསོ་མཁས་དབང་ཞིག་གིས་བཤད་པ་ལྟར་ན། སློབ་གྲྭའི་ནང་བྱུང་བའི་གནད་དོན་ཁ་ཤས་དེ་ཁྱིམ་ཚང་དུའང་ཇི་མ་ཇི་བཞིན་དུ་འབྱུང་བ་དང་། སློབ་གྲྭའི་རྙོག་འཛིང་ཆེ་བའི་སློབ་གསོའི་ཁྲོད་བྱུང་བའི་དཀའ་ངལ་ཁ་ཤས་ཀྱི་རྩ་བ་ནི་ཁྱིམ་ཚང་ལ་ཐུག་ཡོད། བྱིས་པར་སློབ་གསོ་མི་གཏོང་བ་ནི་ཕ་མའི་ཉེས་པ་ཡིན་ཟེར་བ་ལྟར། གལ་སྲིད་ཕ་མའི་བྱ་སྤྱོད་མ་དྲང་ན། ཉེས་ཐོག་ལ་ཉེས་པ་བརྩེགས་པ་རེད། གོམས་གཤིས་བཟང་བོ་ལོབས་དགོས་ན།  ངེས་པར་དུ་ཕ་མ་རང་ཉིད་ཀྱིས་དཔེ་སྟོན་བཟང་བོ་བྱེད་དགོས།
   གཉིས་པ། སློབ་གྲྭའི་སློབ་གསོ།  སློབ་གྲྭ་ནི་ཆེད་དུ་སློབ་གསོའི་ལས་དོན་སྤེལ་བའི་སྒྲིག་གཞི་དང་། ཤེས་ལྡན་མི་སྣ་སྐྱེད་སྲིང་བྱེད་སའི་རྟེན་གཞི་རེད། ཏང་གི་སློབ་གསོའི་བྱེད་ཕྱོགས་ལྟར། ཀུན་སྤྱོད་དང་། ཤེས་རིག གཟུགས་པོ་བཅས་ཕྱོགས་ཡོངས་ནས་འཕེལ་རྒྱས་ཡོང་བའི་སྤྱི་ཚོགས་རིང་ལུགས་ལས་དོན་གྱི་འཛུགས་སྐྲུན་པ་དང་རྒྱུད་འཛིན་པ་སྐྱེད་སྲིང་བྱེད་རྒྱུ་ནི་སློབ་གྲྭ་ཡོད་ཚད་ཀྱི་ཟློགས་ཐབས་མེད་པའི་འགན་ཁུར་རེད།  སློབ་གསོའི་རྩ་འཛིན་དང་། བྱ་སྤྱོད་ཚད་གཞིའི་རེ་འདུན་ལྟར་ན། སློབ་གྲྭའི་ཀུན་སྤྱོད་སློབ་གསོ་གཙིགས་སུ་འཛིན་པ་རྒྱུན་འཁྱོངས་བྱས་ནས་སློབ་མར་སྤྱོད་བཟང་ལོབས་སུ་འཇུག་པ་ནི་སློབ་གྲྭ་འབྲིང་ཆུང་གི་ཀུན་སྤྱོད་སློབ་གསོ་བྱ་བའི་ནང་དོན་གལ་ཆེན་དུ་བརྩི་དགོས། དེ་ནི་སློབ་མར་གོམས་གཤིས་བཟང་བོ་ལོབས་སུ་འཇུག་པའི་ཐབས་ལམ་གཙོ་བོ་རེད། ཡིན་ནའང་རྒྱུ་མཚན་མང་པོ་ཞིག་གི་རྐྱེན་གྱིས། མིག་སྔར་སློབ་གྲྭ་མང་པོ་ཞིག་ནས་ཀུན་སྤྱོད་སློབ་གསོའི་ཐད་དང་། བྱ་སྤྱོད་གོམས་གཤིས་ཀྱི་སློབ་གསོའི་ཐད། ད་རུང་མི་འདང་ས་གང་མང་ཡོད། དཔེར་ན། དམིགས་འབེན་གསལ་བོ་མིན་པ་དང་། བྱེད་ཐབས་ནུས་ལྡན་མིན་པ། སྦྱོང་བརྡར་ནན་མོ་མིན་པ། རྒྱུན་འཁྱོངས་ཀྱིས་མི་འདང་བ་བཅས་ཀྱི་ཁར། སྤྱི་ཚོགས་ཁོར་ཡུག་ཆེན་པོའི་ཤུགས་རྐྱེན་ཐེབས་ནས། སློབ་མའི་བྱ་སྤྱོད་དང་ཀུན་སློང་ཐད་ནས་ཇེ་ཞན་དུ་འགྱུར་བའི་སྣང་ཚུལ་བྱུང་དང་འབྱུང་བཞིན་ཡོད། དེ་ནི་མི་རྣམས་ཀྱིས་བསམ་གཞིགས་ཟབ་མོ་གཏོང་དགོས་པའི་གནད་དོན་ཆེན་པོ་ཞིག་རེད། ཕྱིན་ཆད་མུ་མཐུད་དུ་ཚད་གཞི་ཇེ་ཞིབ་ཏུ་གཏོང་བ་དང་། སློབ་གསོར་ཤུགས་སྣོན་པ། སྦྱོང་བརྡར་ནན་མོ་བྱེད་པ། ཚད་འོས་མཐུན་སྒོས་ཚོད་འཛིན་དང་ཆད་པ་གཅོད་པ་བཅས་ཀྱི་ཐད་ཧུར་ཐག་འབད་ཐག་བྱེད་དགོས།
   གསུམ་པ། སྤྱི་ཚོགས་ཀྱི་ཤུགས་རྐྱེན།  སྤྱི་ཚོགས་ནི་སློབ་གྲྭ་ཆེན་མོ་ཞིག་ཡིན་ལ། མི་ནི་སྤྱི་ཚོགས་སྟེང་སོང་ན་ད་གཟོད་ནུས་བ་ཆེན་པོ་འདོན་ཐུབ། འོན་ཀྱང་ཚད་ངེས་ཅན་ཞིག་གི་ཐོག་ནས་བཤད་ན་སྤྱི་ཚོགས་ནི་འདམ་རྫབ་ཆེན་པོ་ལྟ་བུ་ཞིག་ཡིན་པས།  ལྷོད་གཡེང་ཕྲན་ཙམ་བྱས་པ་དེ་ལས་ཀྱང་མ་རབས་ཀྱི་སྤྱོད་ཚུལ་འགོ་སྲིད་པ་བཤད་མ་དགོས་པ་ཞིག་རེད། བཅོས་སྒྱུར་སྒོ་འབྱེད་ཀྱིས་ཚང་མར་ཁོར་ཡུག་དང་གནས་བབ་བཟང་བོ་ཞིག་བསྐྲུན་མོད། འོན་ཀྱང་མི་ལེགས་པའི་སྣང་ཚུལ་དེ་དང་ལྷན་དུ་འབྱུང་སྲིད། དེར་བརྟེན། མིག་སྔའི་ལས་འགན་གཙོ་བོ་ནི་ཁོར་ཡུག་ཇེ་གཙང་དང་། དག་ཐེར་བཅོས་སྐྱོང་བྱེད་པའི་ཤུགས་ཚད་ཇེ་དྲགས། འདུས་སྡེའི་རིག་གནས་ཀུན་སྤྱོད་སློབ་གསོ་སྤེལ་ཤུགས་ཇེ་ཆེར་བཏང་ནས། ན་གཞོན་ལོ་ཆུང་ཚོར་སྤྱི་ཚོགས་ཀྱི་ཁོར་ཡུག་བཟང་ཞིང་གཙང་བ་ཞིག་བསྐྲུན་དགོས། མདོར་ན་གོམས་གཤིས་བཟང་བོ་ལོབས་སུ་འཇུག་པ་དེ་ནི་རྒྱུན་ཆད་མེད་པ་དང་རྒྱུད་རིམ་ལྡན་པའི་བཟོ་བཀོད་ཅིག་ཡིན་པས། ཁྱིམ་ཚང་དང་སློབ་གྲྭ།  སྤྱི་ཚོགས་བཅས་ཕྱོགས་གསུམ་གྱིས་མཉམ་དུ་འགན་འཁུར་དང་དུ་བླངས་ནས། བྱ་བ་དེ་རྒྱུན་དུ་སེམས་ལ་བཟུང་ནས་དམ་འཛིན་ལེགས་སྒྲུབ་བྱས་ན། ང་ཚོའི་སློབ་གསོར་ད་གཟོད་རེ་བ་སྔར་ལས་ཆེན་པོ་ཞིག་ཡོད་ངེས་རེད།
  • ལེ་ཚན་སྔོན་མ།:ཁྱིམ་ཚང་སློབ་གསོའི་བྱེད་ནུས་སྐོར་ཕྲན་ཙམ་གླེང་བ།
  • ལེ་ཚན་རྗེས་མ།:བོད་ཀྱི་སྐད་ཡིག་མྱུར་དུ་ཉམས་གསོ་དགོས་པའི་བསམ་ཚུལ་བརྗོད་པ།
  • དོ་སྣང་ཆེ་བའི་རྩོམ།