སློབ་གཙོ་ཞིག་གི་འོས་འགན།

མགོ་ལོག་ཁུལ་དར་ལག་རྫོང་བོད་ཡིག་སློབ་འབྲིང་།འོ་མོ།        2011-01-05

གཅིག སློབ་གཙོས་ངེས་པར་དུ་དགེ་རྒན་ལ་བརྩི་འཇོག་དང་ཐུགས་ཁུར།རྒྱུས་ལོན་བཅས་བྱེད་དགོས།
སློབ་གཙོས་དགེ་རྒན་བྱིངས་ལ་སྲིད་འཛིན་གྱི་ཕྱོགས་ནས་བཀའ་ཕབ་པ་དང་དོན་དང་མི་མཐུན་པའི་སྒྲིག་ལམ་བཙན་ཐབས་ཀྱིས་ལག་ཏུ་བསྟར་བ་ཁོ་ནས་སློབ་གྲྭའི་སྤུས་ཚད་གོང་དུ་སྤེལ་འདོད་པ་ནི་གཏུམ་སྤྱོད་ཙམ་ཕྱིར་མངོན་པ་ལས་ཅང་མི་སྣང་ལ།ཚང་མས་ཤེས་གསལ་ལྟར།དགེ་རྒན་ནི་ཤེས་ཡོན་གཅིག་འདུས་ཀྱི་ཚོགས་སྤྱི་ཞིག་ཡིན་པས།སློབ་གཙོས་དོ་དམ་གྱི་སྐབས་སུ་ངེས་པར་དུ་དེའི་དམིགས་བསལ་རང་བཞིན་ལ་དམིགས་ནས་རང་གི་བྱ་བའི་བྱེད་སྟངས་དང་བྱེད་ཐབས་ལ་དོ་སྣང་བྱས་ཏེ།བྱ་བའི་ཁྲོད་དུ་གང་ས་གང་ཕྱོགས་ནས་དགེ་རྒན་བསམ་པ་དང་།དགེ་རྒན་དང་འདྲ་མཉམ་གྱི་སྤྱོད་ཚུལ་འཛིན་དགོས།དེ་ཡང་ཐོག་མར་བསམ་བློའི་སྟེང་ནས་དགེ་རྒན་གྱི་ཕྱོགས་ནས་ཁོ་ཚོའི་དཀའ་ངལ་དང་སེམས་ཁྲལ་དེ་དག་སེལ་གང་ཐུབ་བྱེད་པ་དང་།གཞན་ཡང་སློབ་ཁྲིད་ཀྱི་འཆར་གཞི་དང་སློབ་གྲྭའི་དོ་དམ་གྱི་དམིགས་ཚད་སོགས་གཏན་དུ་ཕབ་སྐབས་ཀྱང་དགེ་རྒན་རྣམས་ཀྱི་རེ་བ་དང་ལྟ་ཚུལ།བསམ་འཆར་སྡུད་ལེན་དང་བློ་བསྡུས་དགེ་འཚོལ་གྱི་རྨང་གཞིའི་སྟེང་ཐག་གཅོད་དགོས།དེ་ལྟར་བྱས་ན།ད་གཟོད་སློབ་གཙོ་དང་དགེ་རྒན་གཉིས་ཀྱི་བསམ་བློ་བར་ཐག་ཇེ་ཉེར་སོང་སྟེ།དགེ་རྒན་རྣམས་ཀྱི་ཡིད་ཆེས་ཐོབ་ནས་སློབ་གཙོ་ནི་དངོས་གནས་བཀུར་འོས་པའི་འདུན་པ་བཅོས་མིན་ཞིག་ངང་གིས་འབྱུང་ལ།དེ་ནི་སློབ་གྲྭའི་བྱ་བ་ཐམས་ཅད་ལེགས་པར་སྤེལ་བའི་སྔོན་འགྲོའི་ཆ་རྐྱེན་ནམ།ཡང་ན་དགེ་རྒན་རྣམས་ཀྱི་ཡིད་ཆེས་ཐོབ་མིན་ནི།སློབ་གྲྭ་ལེགས་པོ་ཞིག་གཉེར་ཐུབ་མིན་གྱི་གནད་དམ་པ་ཡིན་ཞེས་བཤད་ཆོག་གོ། གཉིས།སློབ་གཙོས་དགེ་རྒན་གྱི་ལོ་ནའི་ཁྱད་ཆོས་ལྟར་རང་རང་གི་ནུས་ཤུགས་འདོན་དུ་འཇུག་པར་དོ་སྣང་བྱེད་དགོས། སློབ་གཙོས་འདུ་ཤེས་གསར་བ་དང་སྤོབས་པ་ཆེན་པོས་ན་གཞོན་དགེ་རྒན་རྣམས་བཀོལ་སྤྱོད་བྱེད་པ་སྟེ།སྦྱོང་བརྡར་དང་ཤེས་ཡོན་འདོན་པའི་གོ་སྐབས་སྤྲད་དེ།སློབ་ཁྲིད་ཀྱི་བྱེད་སྒོའི་ཁྲོད་དུ་ཁོ་ཚོའི་སྤྱང་གྲུང་དང་བློ་རིག་གང་ལེགས་འདོན་གཞུག་ན།ན་གཞོན་དགེ་རྒན་གྱི་ཚོགས་སྤྱི་དེ་ལས་ལ་བརྩོན་ཞིང་ཡར་ཐོན་གྱི་རྣམ་པ་ཅན་དུ་འགྱུར་ངེས་པ་གདོན་མི་ཟ།སྤྱིར་དར་མའི་དགེ་རྒན་ལ་བྱ་བའི་ནུས་པ་དང་འགན་ཐེག་གི་སེམས་པ་ཤུགས་དྲག་ཏུ་མཆིས་སྟབས་བྱ་བའི་སྟེང་ལས་ལྗིད་མོ་བསྒྲུབ་ཕོད་པ་དང་ཧུར་བརྩོན་དང་སྙིང་རུས་ཉམས་པ་དང་ཞུམ་པ་མེད་པར་མངའ་བའི་ཁྱད་ཆོས་ལྡན་པ་བཅས་ལ་དམིགས་ནས།སློབ་གྲྭས་ཁོ་ཚོ་བེད་སྤྱོད་པར་ཐེ་ཚོམ་དང་བྲལ་ནས་གོ་གནས་དང་བྱ་བའི་གནད་ཆེ་སར་བཀོད་སྒྲིག་བྱེད་དགོས།
གསུམ།སློབ་གཙོས་དགེ་རྒན་གྱི་ལས་སྒོའི་རྟོགས་ཚད་མཐོ་རུ་འདེགས་པར་དོ་སྣང་བྱེད་དགོས།
དགེ་རྒན་གྱི་ལས་སྒོའི་རྟོགས་ཚད་མཐོ་དམན་གྱིས་ཐད་ཀར་སློབ་ཁྲིད་ཀྱི་སྤུས་ཚད་ལ་ཤུགས་རྐྱེན་ཐེབས་པ་ཡིན་ཏེ།གྲུབ་འབྲས་ཐོབ་པའི་སློབ་གྲྭ་ལེགས་པོ་གང་ཞིག་དེར་སྒྲིག་ཆས་སོགས་སློབ་ཁྲིད་ཀྱི་ཆ་རྐྱེན་འཛོམས་པོ་ལྡན་པ་ལས་གཞན།ཆེས་གལ་ཆེ་བ་ནི་རྟོགས་ཚད(འདིར་རྟོགས་ཚད་ཅེས་པ་ནི་རིག་གནས་ཆུ་ཚད་དང་བསམ་པའི་གོ་རྟོགས་སོགས་ལ་གོ)མཐོ་བའི་དགེ་རྒན་དཔུང་སྡེ་ཕུལ་བྱུང་ཅན་ཞིག་ཡོད་དགོས།དགེ་རྒན་གྱི་ཀུན་སྤྱོད་དང་རིག་པའི་གཞུང་ལུགས་ཀྱི་ཆུ་ཚད།ལས་སྒོའི་རྟོགས་ཚད་སོགས་མཐོ་རུ་བཏེགས་ན་སློབ་གྲྭའི་རྣམ་པའང་དེ་དང་བསྟུན་ནས་འགྱུར་བ་ཡིན།ཁ་རྒྱུན་ལ་སློབ་མར་ཆུ་དཀར་ཡོལ་གང་གནང་བར་དགེ་རྒན་ལ་ཆུ་ཟོ་བ་གང་ཡོད་དགོས་ཞེས་བཤད་པ་དེས་གཟུགས་ཅན་གྱི་དཔེའི་སྒོ་ནས་དགེ་རྒན་ལ་ལྡན་དགོས་པའི་རིག་གནས་རྟོགས་ཚད་བསྟན་པ་རེད།
  • ལེ་ཚན་སྔོན་མ།:སློབ་གསོའི་ཞལ་གདམས།༢
  • ལེ་ཚན་རྗེས་མ།:དེང་རབས་ཀྱི་སློབ་ཁྲིད་བྱེད་ཐབས་སྐོར་ཅུང་ཟད་གླེང་བ།
  • དོ་སྣང་ཆེ་བའི་རྩོམ།