ཕལ་པའི་ལེའུ།

ཀླད་ཁུ།        2021-05-10

ལེའུ་དང་པོ།

ཞོགས་པ་སྔ་མོར་ལངས་མ་ཐུབ་ན་ཡང་།

ནམ་ལངས་ཐུབ་ན་དེ་དུས་ལང་བར་བྱ།

ཞོགས་ཇ་འཐུང་ཁོམ་མེད་ན་མེད།

ཁ་ལག་ཡག་པོ་བཀྲུ་ཁོམ་མེད་ན་ཡང་མེད།

སྤྲིན་དང་རྡོག་ཁྲེས་ཀྱིས་དྲུད་པའི་ཐག་

རིང་དེ་དག།

ཞོགས་པ་འདི་དང་འབྲེལ་བ་ཡོད་མེད་

ངས་ད་རུང་མི་ཤེས།

མིག་ཤེལ་འདིའི་ནང་གི་རི་དྭགས་རྣམས་

གང་དུ་སོང་རུང་།

ངའི་ལུས་ཀྱི་དྲི་མ་དང་མེ་རོ་ཁུར་འདུག།

ངའི་སྐྲ་ལོ་དང་ལང་ཚོ་སྒུལ་བའི་མིག་ཟུང་

ཁུར་འདུག།

རང་བྱུང་ཁམས་ལ་དད་པའི་མ་འོངས་པ་

ཁུར་འདུག།

ང་རང་འདིའི་ཆེད་དུ་ཉིན་ཞག་དུ་མར་

འཚོ་དགོས་པ་འདྲ།

ད་ནངས་ཞོགས་པར་སྤྲིན་པ་མི་འདུག།

སྤྲིན་པའི་ནང་གི་རི་མོ་ཞིག་ཚར་སོང་།

རི་མོ་ནང་གི་བརྩེ་དུང་འཇགས་ཏེ།

རོལ་མོ་སྙན་མོ་ངའི་སྤྱོད་ཡུལ་དུ་མ་གྱུར་པར།

ཞོགས་པ་ཁོ་རང་གཅིག་པུས་ཁོག་ལ་

བཅུག་སོང་།

ཁོག་གི་རོལ་མོ་དེ་དག་ཀྱང་སྒྲ་གདངས་

མེད་པར་གྱུར།

མིག་ཟུང་ཇི་ལྟར་ཡུན་རིང་དུ་ཅེར་ན་ཡང་།

ངས་སྔར་ལྟར་ཞོགས་པའི་ནང་དུ་གཏན་

ཚིགས་མཐོང་མ་སོང་།

ཉི་འོད་གྱང་རོ་སྟེང་དུ་ཤེད་ཀྱི་ཤུད་རྗེས།

སྨད་འཚོང་མ་དེ་དག་ཉི་ལྡེ་བའི་ལས་ལ་

སྦྱོར་གྱིན།

ངའི་སྲང་ལམ་དུ་མི་སྡུག་པའི་རོལ་མོ་གྲགས།

རོལ་མོ་དེས་ངའི་དུས་ཚོད་ཀྱི་ནགས་ཚལ་

སྒུལ་གྱིན།

ཡུན་རིང་གཉིད་མ་ཟིན་པའི་མལ་ཁང་དེ་ནས།

ངས་རྒྱང་རིང་ལ་གླུ་དབྱངས་སྙན་མོ་ཞིག་

མི་ལེན་གཏོལ་མེད་བྱུང་།

ལེའུ་གཉིས་པ།

མ་འོངས་པར་ངས་རང་གི་མིག་གཉིས་ཀྱི་

ཆེད་དུ།

མེ་ལོང་རྒྱ་ཆེན་ཞིག་ཉོས་ཏེ།

མེ་ལོང་དེའི་ནང་གི་དགའ་སྐྱོ་ཡོད་ཚད་

ཐམས་ཅད།

ནགས་ཚལ་ཞིག་གི་འདབས་སུ་འདེབས་དགོས།

དེར་རྩྭ་ཆུ་འཛོམས་ཤིང་།

རྨི་ལམ་ནང་གི་རྒྱ་སྟག་གི་ངར་སྒྲ་རྣམས་གླིང་

བུ་ལ་འཐོགས་ཏེ།

བདག་མེད་པའི་ངོ་གདོང་སྟེང་གི་སྡུག་

བསྔལ་དེ་དག།

མེ་ཏོག་དང་རྒྱ་མཚོའི་འགྲམ་དུ་ཡང་ཡང་

སྐྱེས་ངེས།

མ་འོངས་པའི་མེ་ལོང་དེས་ངའི་བདེ་

སྡུག་ཐམས་ཅད་གཅིག་ཏུ་བསྡུས་ནས།

རོལ་དབྱངས་ལ་འཁྲི་བའི་སེམས་པ་ཕལ་བ་

དེ་དག།

ཞོགས་པར་ཡར་ལ་ལངས་བའི་སྤྲིན་པ་དང་།

དགོང་མོ་མར་དུ་ནུབ་འགྲོ་བའི་མཚམས་

སྤྲིན་ནང་དུ།

ལང་མ་ཐུབ་པའི་མི་དེའི་མིག་སྐྱག་ཇི་

བཞིན་འབྱར་བར་གྱུར།

དེ་ནི་ལན་ཆགས་ལྷག་མ་ཞིག་ཡིན་ཏན་

ཏན་རེད།

དེ་རིང་ང་རང་ཉི་མ་ལྷ་ས་ལྟ་བུའི་ངོ་གདོང་

ཁུར་ནས་འགྲོ་འདོད།

རྒྱུ་མཚན་ང་ནི་ཆུང་ནས་ཉི་མ་ལྷ་སའི་ཉི་འོད་

ལ་བསྡད་དེ།

ཉི་མ་ལྷ་ས་དང་མིའི་རིགས་ཀྱི་རི་དྭགས་ཤིག་

ལ་གྱུར་ཚར་འདུག།

ཞེན་ཆགས་ཀྱི་དབང་གིས་ཤར་བའི་ཉི་

ཟླ་གཉིས་པོ།

རྡོ་ལེབ་གཅིག་གི་སྟེང་ལྷུང་བའི་དྲོད་ཁོལ་

ཞིག་དང་འདྲ་བར།

ངའི་ལག་པའི་མཛུབ་རྩེའི་སེན་མོ་ལས་

དྲོད་སྦྱིན་མ་ནུས།

དེ་ནི་ཞེ་ཆགས་དྲགས་པའི་འཕར་རྩ་དེ་ལ་

འབྲེལ་བ་འདུག་སྙམ།

སྨིན་མ་རྣམས་རེངས་པོར་གྱུར་ཚར་རྗེས།

དྲན་གདུང་གིས་བརྩིར་བའི་སེམས་པ་དེ་དག།

ཁོ་ར་ཁོར་ཡུག་ཏུ་རྨི་ལམ་རྨིས་པའི་ཀོ་གྲུ་རུ་གྱུར།

ཀོ་གྲུ་དེས་ངའི་ནགས་ཚལ་དང་སྟག་སེང་

ཁྲིད་ནས་གང་ལ་སོང་ན་ཡང་།

དེའི་ཡུལ་གྱི་ན་ཟུག་ཐམས་ཅད་ངའི་དགའ་

སྐྱོ་ཡིན་སོང་།

ངའི་གཤོག་པ་ན་ཟུག་གིས་བརྐྱངས་ཏེ་

འཕུར་ན་ཡང་།

ངའི་ཡུལ་ལྗོངས་མེ་ཏོག་དང་མཚོ་མོས་

བརྒྱན་ནས་ཡོད།

དེའི་ནང་དུ་ཟེར་མི་ཤེས་པའི་གདུང་བ་རིང་

མོ་དང་།

གཏན་ཚིགས་ཅི་ཡང་མེད་པའི་འཚོ་བའི་

ཁ་དོག་གིས་གྲུབ་ཡོད།

ཁ་འབྲལ་བཞིན་པའི་དུས་ཚིགས་ཐམས་ཅད་དུ།

ངའི་ལོངས་སྤྱོད་དུ་འཁྲུངས་པ་མེ་ཏོག་

དང་ལྗོན་པ་ཡིན་ཨང་།

ངའི་རྨི་ལམ་དུ་རྨིས་པ་ན་ཟུག་གི་མི་

ཚོགས་དང་།

དེའི་ངོ་གདོང་ལས་རྙེད་པའི་རོལ་དབྱངས་

ཡིན་ཨང་།

ལེའུ་གསུམ་པ།

ཤི་ཟིན་པའི་གླུ་མ་ཞིག་དང་འཕྲད་རྗེས།

ངའི་མིག་ཟུང་གཉིས་མེ་ཏོག་ལྟར་གད་ནས་

ས་ལ་ལྷུང་།

མིག་ནང་གི་གླུ་ངག་གིས་ངའི་བྲང་གཞུང་

ད་རུང་རྡུང་བཞིན།

ཞོགས་པ་དང་མཚན་མོ་གཉིས་ལ་བྲོ་གླུ་ལེན།

བྲོ་གླུ་དེས་ངའི་སྐྱེ་བ་སྟོང་གི་གདུང་བ་དང་སྐྱོ་

བ་མཚོན་པར་བྱས།

གླིང་བུ་ཞིག་གིས་རྗེས་ལ་དྲུད་པའི་ཡུལ་

ལྗོངས་ཐམས་ཅད།

བརྩེ་དུང་ལྷག་མ་ཞིག་གི་རོལ་དབྱངས་

ལས་མཆེད།

མེ་ཏོག་དང་སྔོ་ལྗང་གསེང་གི་ཤུག་གླུ་ཤེད་

ཀྱིས་ལེན་མཁན་རྣམས།

ངའི་རྨི་ལམ་ནང་དུ་གླུ་ལེན་གྱིན་ཡོང་

མཁན་དང་།

ཤི་ཟིན་པའི་ཕ་ཡུལ་གྱི་གླུ་མ་དེ་དང་ཧ་ཅང་

འདྲ་བོ་འདུག།

ང་ལ་མི་ཚེ་འདིའི་ནང་དུ་མཉན་ཆོག་པའི་

གླུ་དབྱངས་འགའ་ཡོད།

གླུ་དབྱངས་དེའི་ནང་དོན་ལ་འཐིམས་པའི་

ན་ཟུག་འགའ་ཡོད།

ན་ཟུག་དེས་ང་ལ་བྱིན་པའི་མུན་པ་འགའ་ཡོད།

མུན་པ་དེས་མིག་ལ་བྱིན་པའི་ཡུལ་

ལྗོངས་འགའ།

དེ་ནི་མི་ལོ་མང་པོ་ང་རང་མི་ཡུལ་དུ་ཡོང་

བའི་བསྡུས་གཟུགས་ཡིན།

ངས་སྐབས་རེར་གླུ་དབྱངས་དེ་དག་ན་

ཟུག་གིས་མཉན་པ་ཡིན།

ཡང་སྐབས་རེར་ངས་གླུ་དབྱངས་དེ་སེམས་

ཀྱིས་མཉན་པ་ཡིན།

སྐབས་རེར་ལུས་ཐོག་གི་སྟེང་དུ་བབས་པའི་

རྨ་ཁས་མཉན་པ་ཡིན།

ཡིན་ན་ཡང་། གླུ་མ་དེ་བུད་སོང་རྗེས།

གླུ་དེ་གློ་བུར་ངས་ཆེས་ཕལ་བའི་མི་ཚེ་

ཡིས་མཉན་དགོས་པར་གྱུར།

ལེའུ་བཞི་པ།

ཁ་བ་བབས་ནས་ཡུན་རིང་ཕྱིན་སོང་།

ངའི་སེམས་ནང་གི་ཉི་ཟླ་མེ་ལ་བསྒྲོན་ན།

འོད་སྣང་གིས་སྒུལ་བཞིན་པའི་ཡུལ་

ལྗོངས་ཐམས་ཅད།

ཁ་བ་འདིའི་རྨི་ལམ་ནང་དུ་ལྷོད་ཀྱིས་བཞུར།

མཚན་མོ་དང་ལྷན་དུ་སྦྲེལ་བའི་མིག་ཟུང་

ནག་པོ་འདིས།

ཁྱོད་ཀྱི་གྱེས་ལམ་ལ་མྱ་ངན་ཞུ།

བདེ་ལེགས་ཀྱིས་འཕུར་བའི་བྱ་རྒོད་འདི།

བྲག་ཐེམ་སྟོང་བ་ཞིག་གི་སྙིང་ཉེ་རུ་གྱུར་རུང་།

བྲག་ཐེམ་དེ་ལ་འབྲེལ་བ་རྩ་ནས་མེད་

པའི་གཤོག་རྡེབ་དེས།

ཉི་འོད་ཀྱིས་དྲུད་ནས་འགྲོ་བའི་ནགས་

ཚལ་རྒྱང་ལ་ལུས་སོང་།

ཞོགས་པ་ཚེས་ཐེངས་རེར་ངས་བྱ་རྒོད་དེ་

དྲན་འོང་།

བྱ་རྒོད་དེའི་ལམ་ཐག་རིང་མོ་དེ་དྲན་འོང་།

ངའི་མིག་ཟུང་དང་ཧ་ཅང་འདྲ་བའི་རི་མོ་དེས།

ངའི་མི་ཚེའི་རོ་གོས་ཕུད་ནས་ཐག་རིང་དུ་

འགྲོ་བཞིན་པ་ཚོར།



  • ལེ་ཚན་སྔོན་མ།:འཕོ་འགྱུར།
  • ལེ་ཚན་རྗེས་མ།:གོང་རིམ་ནསAརིམ་པའི་ལྗོངས་ཁུལ་དོ་དམ་བྱེད་ཐབས་འདི་འདྲ་བྱས།