འདར་ལྕུག་ལྕུག་གི་སེམས་པ།

འབྲོག་ཀློའུ་སྒྲོལ་རྡོ།        2021-05-07

གྲོགས་པོ་དགུན་བྱེའུ་ལགས་ལ་སྐྱེལ་མའི་ཚབ་ཏུ།

གསོན་ཐོག་ན་ཡོད་དུས། འུ་གཉིས་ཐུག་འཕྲད་མང་པོ་མེད་ནའང་། ནང་སེམས་ཀྱི་སྐུད་ཐག་རབ་ཏུ་ཉེ་སྣང་གིས་ཡི་གེའི་འཇིག་རྟེན་ནས་རྟག་པར་འཕྲད་འོང་། དེ་ཡང་མི་སྒེར་གྱི་ལྟོ་གོས་གཏམ་གསུམ་ཙམ་མིན་པར། རིགས་ཀྱི་ན་ཟུག་དང་དེས་བསྐྱེད་པའི་ཟ་འཕྲུག་ཅིག་གིས་ལོས་ཡིན་སྙམ།

ནད་གདོན་གྱིས་བཟུང་བའི་ལོ་ངོ་འདི་དག་གི་རིང་ལ། ཁྱོད་ཀྱིས་སློབ་མཚམས་འཇོག་དགོས་བྱུང་ནའང་། དཔེ་ཆ་ཞིག་རྟག་པར་ལག་ཏུ་བཟུང་བཟུང་ལ། ནད་གདོན་གྱིས་བཟུང་བའི་ལོ་ངོ་འདི་དག་གི་རིང་ལ། ཁྱེད་ཉིད་ནད་ཁྲི་འཁྱགས་པ་ཞིག་ཏུ་ལུས་ནའང་། སློབ་ཁྲིད་ཀྱི་སྒྲ་ཐག་ཅིག་ལ་ཉན་མུས་སུ། འུ་གཉིས་ཁ་ངོ་མ་འཕྲད་པར་ཟླ་ངོ་དྲུག། སྐད་འཕྲིན་ལས་རྒྱུན་འབྲེལ་མེད་པའི་ཟླ་ངོ་དྲུག ཏག་ཏག་ཟླ་ངོ་དྲུག་གི་རྒྱུན་དུ་བསྟར་བའི་རེ་ཆད་དང་ཁུ་སིམ། ན་ཚ་དང་སེམས་ཚེགས་སོགས་གཞར་ཡང་བརྗོད་མི་བྲ་བ་ཞིག་རེད་ཨང་།

ཟླ་ངོ་དྲུག་གི་རིང་ལ། སྐབས་རེར་སྐད་འཕྲིན་ནས་ལེ་འདེད་བྱས། ཁྱོད་ལ་གྲག་འགུལ་མེད་པ་ཅི་རེད་བྱུང་ཟེར། ཁྱོད་རང་ལད་འགྲོ་ཡི་མི་འདུག་གམ་ཟེར། ཡང་ལན་རེར་འུ་གཉིས་ནམ་ཞིག་ལ་འཛོམ་འོང་ཟེར། འཛོམས་ནས་ཀྱང་ཁ་བརྡ་སྐྱིད་པོ་རེ་བྱེད་འོང་ཟེར། དེ་ལྟར་ཟེར་ཞིང་མ་ཐུག་པར་ལུས་པའི་ཟླ་ངོ་དྲུག།

༢༠༢༠ལོའི་ཟླ༡༢པའི་ཚེས༡༩ཉིན་གྱི་ཉིན་གུང་ལ། གྲོགས་པོ་གངས་རུ་དར་བརྒྱུད་དེ་ཁ་པར་ལས་“ དགུན་བྱེའུ་ཁེས་ཉིན་མི་ཡུལ་དང་ཁ་གྱེས་སོང་། ”ཞེས་པའི་སྐད་ཆ་དེ་ཐོས་མ་ཐག གློ་རྡེག་ཏུ་ག་ཤེད་ཅིག་ནས་ཅི་བྱ་གཏོལ་བྲལ་དུ་ལུས་ཤིང་ནང་སེམས་བློང་བློང་བོར་གྱུར་ཏེ། བརྗོད་པའང་རེ་ཞིག་གཡང་འོབས་སུ་ལྷུང་།

སྐབས་དེར། ངའང་རྒྱང་རིང་མོ་ཞིག་ནས། སླར་རེས་འཁོར་དུ་བསྡད་དེ་ཡུལ་ལ་ལོག་པའི་ལམ་ན་ཡོད་པས། འཁྱག་ཤུར་ཤུར་གྱི་སེམས་པ་དེ་རླངས་འཁོར་ཕྱི་རོལ་ཏུ་གླན་ནས། ཅི་ཞིག་མཐོང་བར་རེ་ཡང་། དུས་ཚོད་ཀྱིས་ཁྲིད་ཅིང་དེད་པའི་ངའི་རྒྱབ་ཕྱོགས་སུ། མངོན་ལྐོག་གང་རུང་གིས་བཞུར་གྱིན་པའི་རི་ཚོགས་དང་རྡོ་བ། ད་དུང་ངག་ལྐུགས་པའི་ལྗོན་པ་དག་མིག་གིས་ཟིན་ཐབས་ཤིག་མི་འདུག། ཕྱི་མིག་དང་ཕྱི་མིག་གི་བར་ནས། རྒྱང་ཐག་ཅིག་གིས་ཆོད་ཀྱིན་གདའ།

ངའི་མདུན་ལྗོངས་སྔར་བཞིན་ནག་རོག་གེར། འཇམ་ཅག་གེར། ཕར་ལ་འགྲོ་ཞིང་ཚུར་ལ་རྒྱུ་བའི་མི་ཚོགས་ཀྱི་གསེབ་ནས། ཉི་འོད་རྒས་མ་རྒས་ཀྱི་འཕྲོ་འདུ་བར་ནས། སེམས་འགྱུ་རྨས་མ་ཞིག་གི་གས་སྲུབས་བར་ནས། ཟླ་འོད་མཚོ་ལ་ལྷུང་བའི་དར་རྒུད་འགྲོས་ནས། ཁངས་སྐྱའི་འཚུབ་མ་དང་མེ་སྟག་གི་ཚག་སྒྲའི་ཀློང་ནས། བདེ་བར་བཞུད་ཅིག། གྲོགས་པོ། རྨི་ལམ་གྱིས་སྐྱོར་ཞིང་ན་ཟུག་གིས་ཁྲིད་པའི་བུ་ཆུང་། ཁྱེད་རང་འཇམ་ཅག་གེར་ལམ་ལ་ཆས་ཚུལ་འདི་ལ་དཔེ་གཞི་གཞན་ཞིག་རྙེད་མ་སོང་།

དེ་རིང་གི་ནམ་ཟླ་འཁོབ་ཏོ་འདི་ཡིས་ང་ཡི་སེམས་པ་སྨྲེང་འོང་། དེ་རིང་གི་སྲང་ཤུར་དོག་མོ་འདི་ཡིས་ང་ཡི་གློ་སྙིང་གཡོས་འོང་། ལམ་གྱི་སྣེ་མོ་རེ་རེ། སེམས་ཀྱི་ཕུ་སྣེ་རེ་རེ། ཕྱི་མིག་གི་མིག་ཀོང་རེ་རེ། དྲན་ཤིང་གིས་བསྣད་ཀྱིན་པའི་རི་ཚོགས་དང་དེའི་གསེང་གི་ལྷིང་འཇགས་རེ་རེ། ཆར་ཆུས་སྦངས་པ་མ་ཡིན་གྱི། སེམས་པ་འདི་ཀོ་ཕྱི་རློན་ནང་རློན་དུ་གཤེར་འོང་།

དུས་ཚོད་ཀྱི་ཤོག་ལྷེ་རེ་རེ་གཅལ་དུ་བཀྲམས་ཐེངས་རེར། ཁྱེད་ཀྱི་སྲོག་གིས་བྲིས་ཤིང་ཁྲག་གིས་བརླན་པའི<< ཁྲག་ཐིགས་ཁྲི་བདུན་མ>>ཞེས་པ་དེས་ང་རང་ཕྱི་ཕྱིར་ཁྲིད་འོང་། འབོད་པའི་གཡབ་མོ་བཏང་འོང་། རུས་པའི་སྲ་མཁྲེགས་བསྩལ་འོང་། ཤོག་ངོས་ཀྱི་ཚིག་དང་འབྲུ་མ་རེ་རེར་ཤ་དང་ཁྲག་རྒྱས་ཏེ་ད་དུང་ལྷམ་མེར་ལྷང་ངེར་གནས་འདུག

གྲོགས་པོ་ལགས། བདེ་བར་བཞུད་ཅིག། ད་ལྟ་ང་ལ་སེམས་པ་སྙི་མོ་འདི་ལས། ཁྱེད་ལ་སྐྱེལ་མ་ཞུ་ཐབས་ཤིག་མི་འདུག། 


  • ལེ་ཚན་སྔོན་མ།:སེམས་བྱུང་།
  • ལེ་ཚན་རྗེས་མ།:འཕོ་འགྱུར།