བརྩེ་བ་ནི་ལན་ཆགས་ཤིག་གི་སྔོན་འགྲོ་རེད།

འཁོན་བུ་སྟག་རྒྱལ་ཚེ་རིང་།        2021-05-06

ཆག་འཇིག་རྟེན་འབྲེལ་ལ་སྒོམ་པའི།།

འཇིག་རྟེན་འདུ་འབྲལ་གྱི་ངོ་བོ།།

ཡོད་ཅེས་དགའ་སྣང་ནི་མེད་ལ།།

མེད་ཅེས་སྐྱོ་སྣང་ཡང་དབེན་ནོ།།

བརྩེ་བ་ཐག་ནག་གི་མདུད་པ།།

འགྱུར་མེད་རྡོ་རྗེ་ཡི་གཤིས་ལ།།

དམ་ཚིག་རི་མོ་ཞིག་བྲིས་ནས།།

སྔོན་གྱི་འདས་དོན་ནི་བསྐྱུར་ཞོག།

འབྱུང་འགྱུར་དོན་བྱ་ནི་གཡུགས་ཤོག།

རྣམ་དག་རི་མོ་དེ་ཕར་ཞོག།

འགྱུར་མེད་གཤིས་ཀ་དོམ་ཡིན།།

འུ་ཅག་གཞོན་པ་ནི་རླུང་ཡིན།།

གཞོན་པའི་ངོ་བོ་ནི་མེ་ཡིན།།

མེ་ལྕེ་ལྷབ་ལྷུབ་དུ་གཡུག་ཀྱང་།།

སྣང་བའི་ཆུ་མོ་ནི་དྭངས་ཆོག།

སྣང་བའི་མེ་ལོང་དེ་ཆག་ན།།

གཡས་སྐོར་སྡེ་མཐའ་ནི་ཉུལ་ཆོག།

གཡོན་འཁོར་བ་ནི་བསྐྱང་ཆོག།

མི་ཚེའི་ངོ་བོ་ནི་བསྒྱུར་ཆོག།

འདུ་སྣང་ཞེན་པའང་དོར་ཆོག།

བརྩེ་ཁྲག་སེམས་པ་ཡིས་གཞིབ་ཆོག།

བརྩེ་གླུ་མི་ཚེ་འདིར་བླངས་ཆོག།

ཡིན་ཏེ་མེ་ལོང་གི་བརྩེ་གཟུགས།།

མག་མོག་རབ་རུབ་ཅིག་རེད་ལ།།

མིག་གིས་ཟིན་ཐུབ་ནི་མེད་ཅིང་།།

སེམས་པས་འཛིན་ཐབས་ནི་མེད་པས།།

བརྩེ་བ་ལན་ཆགས་ཤིག་རེད་ལ།།

བརྩེ་དུང་བསླུ་བྲིད་ཅིག་རེད་དོ།།

བརྩེ་སེམས་དྭངས་མ་ཞིག་ཡོད་ཀྱང་།།

ཡིད་ཆེས་རྫུན་མ་ཞིག་རེད་པས།།

ཨ་ཐང་ཆད་པ་ཞིག་གནང་ཡང་།།

མི་ཚེའི་འདུན་མ་ལ་སྒོམ་ཀྱང་།།

སྐད་ཆའི་ངོ་བོ་ནི་འགྱུར་བས།།

དགོངས་དག་ཞུས་ཀྱང་རུང་མི་སྡུག།

བརྩེ་བ་རྫུན་མ་ནི་ལན་ཆགས།།

བརྩེ་དུང་དངོས་མ་ནི་དཀོན་མཆོག།

བརྩེ་བའི་གསེར་ཞྭ་ནི་གྱོན་ཡང་།།

བརྩེ་གཟུགས་མག་མོག་ལ་སྐྲག་གོ།

སྣང་བ་སྣང་བ་ནི་མ་གསུངས་།།

ཨ་གསར་མེ་ཏོག་ལ་མ་སྒོམས།།

ཞལ་རས་དུང་མདོག་ལ་མཉམ་ཀྱང་།།

ཞལ་སྒོའི་སྐད་ཆ་དེ་རྫུན་རེད།།

ཞལ་གསུང་དྲོད་མོ་མ་མཇལ།།

བྱམས་པ་གཤོབ་སྐྱ་དེ་ལན་ཆགས།།

བྱམས་པ་ངོ་གཉིས་དེ་དོན་མེད།།



  • ལེ་ཚན་སྔོན་མ།:ཅོང་བརྡ།
  • ལེ་ཚན་རྗེས་མ།:སེམས་བྱུང་།