སྐྱེལ་ཕུལ་ཆང་དམ་གང་།

གནུབས་རྒྱལ་མཚན།        2021-04-30

ཞལ་མེ་ཏོག་འདང་གིས་གཉོར་ཡང་།།

འདང་མུ་ཏིག་ཕྲེང་ལ་བསྟར་ཡང་།།

ཕྲེང་པད་དཀར་འོད་ཀྱི་ཆུན་པོ།།

ཆུའི་གཞུང་ལ་འདེབས་ན་རང་གསལ།།

ལུས་ཨུཏྤལ་ཆབ་ཀྱིས་གསུས་ཀྱང་།།

ཆབ་གངས་ཆུ་བདུད་བསིལ་དྲངས་ཀྱང་།།

ཆང་ལྷ་ཚོགས་ཕོ་བྲང་ནོར་བུ།།

རྡུལ་ས་རུར་བསྲེ་ན་རང་གསལ།།

ཞལ་ཐང་ག་སེམས་སུ་བཤམས་ཀྱང་།།

ཡིད་དད་པས་སྐྱབས་སྨོན་བཏབ་ཀྱང་།།

གསུང་དམ་པའི་བཀའ་ཞྭ་དཀར་བོ།།

སྟག་གཞན་ལ་སྐོན་ན་རང་གསལ།།

སྐུ་དར་སྨད་ཚོན་གྱིས་བྱུགས་ཀྱང་།།

སྙིང་དམ་བཅའི་བྱུར་དམར་བརྒྱན་ཡང་།།

སྒར་སེང་འབྲུག་སྟག་རྩེའི་རྒྱ་ཕིབས།།

མེ་དམར་བོར་བསྐྱོན་ན་རང་གསལ།།

ཁྲེལ་རྡོ་རྗེ་ཕ་ལམ་སྟེར་ཡང་།།

ལུས་རུས་པའི་མར་ཁུ་མཆོད་ཀྱང་།།

མགུར་དྭངས་མོའི་སྨུག་མཆོང་གཟི་མདངས།།

ཡུལ་གཞན་ལ་གཏད་ན་རང་གསལ།།

ཞེན་འཁྲེན་སའི་ཁ་དན་བྱས་ཀྱང་།།

ཡུལ་རྨ་བྱའི་སྒྲོ་ཐིག་བཅས་ཀྱང་།།

ཡིད་རེ་བའི་བཀྲས་བཏགས་གཞུན་པོ།།

འདྲོན་གཞན་ལ་འཐེན་ན་རང་གསལ།།

  • ལེ་ཚན་སྔོན་མ།:རྒྱལ་རོང་བ་བློ་བཟང་ཡར་འཕེལ་ལ་ཕུལ་བའི་ཞུ་འཕྲིན་ཚངས་སྲས་མྱོས་པའི་རྒྱུད་མངས།
  • ལེ་ཚན་རྗེས་མ།:ཅོང་བརྡ།