རྒྱལ་རོང་བ་བློ་བཟང་ཡར་འཕེལ་ལ་ཕུལ་བའི་ཞུ་འཕྲིན་ཚངས་སྲས་མྱོས་པའི་རྒྱུད་མངས།

བྲན།        2021-04-28

ཡོངས་སུ་མ་ཆད་ཡེ་ཤེས་དག་པའི་གཟི།།

བདེན་པ་ཟུང་འཇུག་དཔྱིད་ཀྱི་མདངས་ལ་འཁུ།།

གང་དགར་སྤྱོད་པ་མི་ཡི་གཟུགས་འཆང་བ།།

སྨྲ་བའི་དབང་ཕྱུག་དེ་ལ་བདག་ཕྱག་འཚལ།།

ལྷོ་ཕྱོགས་ཚངས་པ་རྩེན་པའི་འཇིག་རྟེན་དུ།།

ཁྱོད་ཞལ་ཤར་བའི་རྨོངས་པའི་སྐྱ་རེངས་མ།།

མཐར་སེལ་བྱེད་པོར་ངེས་པའི་རྟ་ལྗང་ཅན།།

སྣ་ཚོགས་སྐྱེད་མོས་ཚལ་ལ་ཀུན་ལས་ལྷག།

ཡོན་ཏན་ཕྱོགས་ཀྱི་དྲི་བསུང་ལེན་པ་ལ།།

བློ་གསལ་བུང་བ་འདུས་པའི་གཟུགས་ཀྱི་ཟླ།།

འདུ་འགོད་མིའུ་ཐུང་འཕྲུལ་གྱི་ཞགས་པ་ལས།།

ཁྱོད་ཡོན་མཐོང་བས་འཕྲིན་འདི་སྤྲིངས་པར་འདོད།།

རྣམ་དག་བསླབ་གསུམ་ག་བུར་འོ་མའི་རྒྱུན།།

ལེགས་པར་བཏུངས་ཤིང་རྒྱལ་བ་དགྱེས་པའི་གཏམ།།

འཆད་པས་འདུས་ཚོགས་རྒྱུ་སྐར་ཁྲག་ཁྲིག་དབུས།།

ཟླ་དཀར་འཛུམ་ལྟར་བཞུགས་པ་གང་དེའི་དྲུང་།།

ཁྱོད་ཡོན་ཨུ་དུམ་ཝ་རའི་ནགས་ཀློང་མར།།

ཆགས་པའི་དགེ་བ་གཞན་ལ་གུས་པའི་འཕྲིན།།

བྱང་ཕྱོགས་རིག་པ་འབྱུང་བའི་གྲོང་ཁྱེར་ནས།།

བྲན་ཞེས་བྱ་བའི་གྲྭ་གཟུགས་འཛིན་པ་དེས།།

འདབ་ཟུང་དབྱིངས་ནས་རྫོགས་པའི་ར་གཉིས་པ།།

ཨུཏྤལ་མགོ་ལྕོག་དུད་པའི་ཚལ་ལ་བཞིན།།

བཤད་སྒྲུབ་ཟུང་གི་བསྟན་པའི་གྲིབ་བསིལ་འོག།

ཡང་དག་སྤྱོད་ཁྱོད་སྐུ་ཁམས་བདེ་ལགས་སམ།།

ཞུ་སྙིང་རེ་བའི་གཏམ་གྱིས་སོར་བཅུའི་འདབ།།

ལེགས་པར་སྦྱར་ཏེ་གུས་པས་གང་ཞུས་ན།།

དེ་དང་འཚམ་པའི་བདག་བློའི་གཤིན་ས་རུ།།

འདོད་འཇོའི་སྦྲང་ཆར་སིལ་མ་ཕོབས་ཤིག་ཞུ།།

འདི་ན་བདག་བློ་རྨོངས་པའི་བུ་ག་རུ།།

ཤེས་བྱ་ཆུ་ཐིགས་ཙམ་ཞིག་ཟགས་པ་ལས།།

ཡིད་ཀྱི་རྒྱུད་མངས་དཀྲོལ་བའི་འདུ་བྱེད་ལ།།

ཚིག་གི་མྱ་ངན་བསྐྲུན་འདི་སེལ་བར་མཛོད།།

རྩོམ་རིག་ཚང་ཚིང་མྱོས་པའི་ནགས་ཀློང་དུ།།

གནའ་རྩོམ་ཁུ་བྱུག་གྲག་པའི་ཐོས་འཛིན་བཅུད།།

འཕྲོག་ལས་དུངས་སེམས་རྩེན་པའི་རིག་བྱེད་གཞུང་།།

ཤེས་འདོད་སྦྲང་རྩི་འཇིབས་པའི་སྟངས་ཀ་རྒོད།།

སྔོན་བྱུང་རྒྱ་གར་གཞུང་ལུགས་ཁྲག་ཁྲིག་གི།

རྗོད་བྱེད་ཚིག་ཕྲེང་བསྟར་ལ་བརྒྱུས་མོད་ཀྱང་།།

དེ་ལས་དབྱུག་པ་ཅན་གྱི་མེ་ལོང་གཞུང་།།

བོད་བསྒྱུར་བྱས་པའི་བཀའ་དྲིན་བརྗོད་ལས་འདས།།

འདི་ལྟའི་གཞུང་བཟང་འདོད་འཇོའི་བ་མོ་ལས།།

ཤེས་རིག་འོ་མའི་ཆུ་རྒྱུན་བབས་པའི་ཚུལ།།

ཅུང་ཟད་མཐོང་བས་སྔོན་བྱུང་མེས་པའི་སྲོལ།།

ཉམས་པའི་སྣང་བ་སྐྱེས་སམ་ཆོས་ཀྱི་གྲོགས།།

སྲོལ་རྒྱུན་སྙན་ངག་གངས་ཀྱི་རི་ཟོམ་ལས།།

བཞུར་བའི་འགྲོས་འདི་ད་སྐབས་ཉག་ཕྲ་ཞེས།།

སྐྱེ་བོ་མང་བོས་བརྗོད་ཀྱང་སྤེལ་བའི་ཡིད།།

ཉམས་པའི་སྣང་བ་འདི་ལ་ཅིས་ཕན་ནམ།།

ཀ་བ་གདུང་ལྕམ་མེད་པའི་ཁང་བཟང་ལས།།

ཁ་དོག་དཀར་དམར་ལ་སོགས་ཕར་ཕྱིན་གཞུང་།།

ག་ལེར་ཅུང་ཟད་སྦྱང་ཞོར་སྙན་ངག་གིས།།

ང་ཡི་ཚོགས་དྲུག་སྣང་བ་སྒེག་པར་བྱས།།

ཅ་ཅོ་གཏམ་གྱི་འུར་ཟིང་དང་བྲལ་ནས།།

ཆ་ལུགས་བཅོས་མིན་ཞི་བའི་དགེ་སྦྱོང་དེར།།

ཇ་ཡུན་ཙམ་ལ་འདི་འདྲའི་སྤྲིངས་ཡིག་ཅིག།

ཉ་ཉོག་སྤངས་ནས་སེམས་ཀྱིས་བྲིས་པ་ཡིན།།

ཏ་ཐཱ་ག་ཏའི་གསུང་རབ་ཀློང་ཡངས་ནས།།

ཐ་ན་ཚིགས་བཅད་གཅིག་གི་དོན་ལ་ཡང་།།

ད་ལྟ་དཔྱོད་པའི་བློ་མིག་ཉམས་གྱུར་ན།།

ན་མོ་མཆོད་བཀུར་བྱས་པས་ཕན་ནམ་ཀྱེ།།

པ་སངས་མདངས་ལྟར་ལྷག་བསམ་མི་དཀར་ན།།

ཕ་རོལ་ཕྱིན་དྲུག་ལམ་ལྔ་ས་བཅུའི་ཚུལ།།

བ་ནེ་བུ་ནེ་ག་ཙམ་བརྗོད་ན་ཡང་།།

མ་གྱུར་འགྲོ་ལ་ཕན་པ་འབྱུང་སྲིད་དམ།།

ཙ་ར་ཀ་སོགས་ཐ་སྙད་སྣ་ཚོགས་གཞུང་།།

ཚ་གྲང་ཁྱད་བསད་སྦྱངས་འབྲས་ཅང་མེད་ན།།

ཛ་ཡའི་བསྟན་ལ་ཞུགས་པའི་དགོས་དོན་ནི།།

ཝ་མ་ཝོ་ལ་འགྲུབ་པ་འཕྱང་མོ་ཉུག།

ཞ་ལུ་ལོ་ཆེན་ལྟ་བུ་མི་ཉན་ཡང་།།

ཟ་གཉིད་བྲེ་མོའི་གཏམ་ལ་མི་རྫོངས་གལ།།

འ་འུར་རླུང་ལ་བསྐུར་བའི་ཚེ་བསྐྱལ་ན།།

ཡ་སོ་མེད་པའི་བ་གླང་ཉིད་ལས་ཅི།།

ར་བ་གངས་རིས་བསྐོར་བའི་ཞིང་ཁམས་སུ།།

ལ་ལུང་འགྲིམ་པའི་སྐྱེ་བོ་མང་ན་ཡང་།།

ཤ་ར་བ་དང་མཚུངས་པའི་སྐྱེས་ཆེན་ཞིག།

ས་སྟེང་འདི་རུ་ཉིན་མོའི་སྐར་བཞིན་དབེན།།

ཧ་ཧ་བདག་གི་འདོད་ཚུལ་གསར་བའི་གཏམ།།

ཨ་མཚར་ངག་གི་རྩེད་མོ་ཙམ་ཞིག་མིན།།

ཧ་ལམ་སྒྲོ་སྐུར་མེད་པའི་སྙན་ངག་འདི།།

ཨ་ཁུ་ཁྱེད་ཀྱི་སྤྱན་ལ་ཕུལ་བ་ཡིན།།

ཨི་ལྡན་དབྱངས་ཀྱི་ཀི་ཀུ་ཀེ་ཀོ་སོགས།།

ཨུ་དུམ་ཝ་ར་ཇི་བཞིན་བཞད་གྱུར་ཀྱང་།།

ཨེ་ཀོར་ལྟར་དུ་ད་ལྟ་སྤོང་ཉེན་ཆེ།།

ཨོ་ཨོ་བསམ་ཚུལ་འདི་ལ་ལན་ཞིག་སྐུར།།



  • ལེ་ཚན་སྔོན་མ།:​ངས་ལྷིང་འཇགས་ངང་འཚོལ་འདོད།
  • ལེ་ཚན་རྗེས་མ།:སྐྱེལ་ཕུལ་ཆང་དམ་གང་།