རྣམ་རྟོག་གི་རླུང་།

        2021-04-16

སྣང་ཡུལ་དུ་བྱུང་བ་ཁོ་ནར་བློ་གཏད།

སེམས་རྒྱའི་བར་ཐག་ཁབ་མིག་ལ་འཐབ།

འཕྲུལ་གྱི་རྒྱལ་ཁམས།

དམིགས་པ་རྩེ་གཅིག་ཏུ་གཏད་ན།

ལུས་སྦྲིད་ཆིལ་བ་བྱུང་ཞིང་།

ནམ་མཁའ་སྟོང་བར་འགྱུར།

སུ་ལའང་རྒྱུས་མེད་པའི་རྨ་ཤུལ་ཆེན་པོ་ཞིག

སེམས་ཀྱི་གཏིང་ལ་འཇོག།

དྲིལ་བུ་གཡུགས། མཁར་རྔ་བརྡུངས་།

ཀི་རིང་འདེབས་མཁན།

ནམ་མཁའི་སྐར་མ་བཞིན་འཛིན་འདོད་པ།

སྣང་ཡུལ་ཁོ་ནའི་དབང་དུ་གྱུར།

ཡིད་ཀྱི་བདག་རྐྱེན་ར་རོ་བར་གྱུར།

སྐྱབས་གནས་ཀྱི་དབྱིངས་ཆེན་པོར།

རྣམ་རྟོག་གི་གཡོ་བ་འཁྲུགས།

སངས་རྒྱས་དངོས་མིན་གྱི་དོགས་པ་དེ་ཡང་།

སེམས་ཐག་ཆོད་པས་བསྒྲགས།

དྭ་ཕྲུག་ཟུར་དུ་བསྐྱངས།

སྙིང་རྗེའི་སྨྱོ་ཧམ་འཕྱུར།

ཨ་ཧོ། འཕྲུལ་གྱི་རྒྱལ་ཁམས།

རྣམ་རྟོག་ལ་འབྲེལ་ཡོད་དམ།

བརྟན་གཡོའི་གར་རེས་མོས་སུ་བྱུང་།

ཡུས་གཏམ་མགོ་འཁྲུག་པ་ཙམ་ཞིག

དགེ་སྡིག་གི་ངོ་བོར་སྦྱར།

སླར་ཡང་།

ཁྱོད་མ་སད་པའི་སྔ་རོལ་དུ་ཞེས་པ་ལྟ་བུའི།

རྒྱུས་མེད་པའི་གཏམ་ཞིག་གི་མགོ་གླེང་།

སྒྱུ་འཕྲུལ་ལ་ཐོགས་རྡུགས་བྲལ་བའི།

སྣང་བའི་ཁམས་ཤིག་རྩ་ལམ་ཧྲིལ་བོར་ཁྱབ།

མཁས་བླུན་ཀུན་ལ་བསྙོན་འདིང་བ།

ཁེར་རྐྱང་པའི་སེམས་ངལ་དུ་གྱུར།

མིའི་འཇིག་རྟེན་གྱི་རྩིག་རྨང་།

འཕྲུལ་གྱི་རྒྱལ་ཁམས་ནས་གསོ།

ཆེན་པོ་དག་རིམ་པར་ནུབ།

ཆུང་ངུ་དག་བས་མཐར་དེད།

སེམས་ཀྱི་ཡུལ་མེད་པའི་རྣམ་རྟོག་

གི་རླུང་གཡོས།

ཨ་ཧོ། མིའི་འཇིག་རྟེན།

༼ རྩེ་སྟོད་འགྱུར་མེད་རྒྱ་མཚོ། ༽


  • ལེ་ཚན་སྔོན་མ།:ཆུ་ཡི་གྲོང་ཁྱེར་ལ་བལྟས་པ།
  • ལེ་ཚན་རྗེས་མ།:མཚོ་མཐར་བསྐྱོད་པའི་ཚོར་སྣང་།