འདུ་འབྲལ་བརྩེ་གླུ་ཐན་ཐུན།

        2021-04-16

སྟོན་གྱི་རླུང་བུ་ཤུར་ཤུར།།

གསེར་སྦྲང་སེམས་པ་མ་སྐྱོ།།

ཡུད་ཙམ་འབྲལ་དགོས་བྱུང་རུང་།།

དཔྱིད་མགོར་སླར་ཡང་འཛོམ་ཆོག།

ཆང་ཕོར་ནང་གི་བདུད་རྩི།།

ལྷ་དང་བླ་མར་མ་མཆོད།།

བྱམས་པ་ཁྱེད་ཀྱི་སྤྱན་སྔར།།

མཆོད་པ་ལན་གསུམ་ཕུལ་ཡོད།།

གསེར་གྱི་རྣ་རྒྱན་ཆ་གཅིག།

ཁྲོམ་རའི་བར་བསྐོར་ནང་ནས།།

རོགས་ལོ་ཁྱེད་ལ་ཉོས་རུང་།།

མ་འཕྲད་ཡུན་དུ་ལྷག་སོང་།།

མཚན་མོའི་སྐར་ཚོམ་ལམ་ལམ།།

ལག་གིས་དངོས་སུ་བཏུས་ནས།།

སྙིང་སྡུག་སྙིང་གི་དབུ་ལ།།

མཛེས་པའི་ཕྲ་རྒྱན་སྤྲས་འདོད།།

མདང་དགོང་འདབ་བརྒྱ་བཞད་པའི།།

པད་མའི་མེ་ཏོག་ཆུན་པོ།།

ད་ནངས་བཞག་པའི་བ་མོས།།

འདབ་ལོ་དུམ་བུར་བཅོམ་འདུག།

སྡོང་བོའི་ཡལ་འདབ་སྟེང་གི།

ད་ལྟའི་བྱིའུ་ཆུང་ཁྱོ་ཤུག།

མཛའ་གླུའི་དྲུག་འགྱུར་འཐེན་ཡང་།།

ཕྱིར་མིག་འཕངས་ནས་ཕེབས་པ།།

ཨ་སྔོན་སངས་སངས་དཀྱིལ་ནས།།

ཁྲི་གདུགས་ཉི་མ་ཟེར་པོ།།

འཛུམ་འཛུམ་ཟེར་བརྒྱ་འགྱེད་ཀྱང་།།

སྤྲིན་པའི་གསེབ་ཏུ་ཡལ་སོང་།།

སྡེ་ཆེན་ཁྲ་མོའི་དཀྱིལ་ནས།།

སེམས་མཐུན་རོགས་ལོ་རྙེད་ཀྱང་།།

མཉམ་དུ་འདུག་ཐབས་མེད་པས།།

བརྩེ་བའི་དར་སྐུད་ཆད་ཐལ།།

མི་ཆེན་དཔོན་པོའི་ཁ་ནས།།

རབ་ཏུ་ཁྲོས་པའི་གཏམ་གྱིས།།

རོགས་མཐུན་རོགས་ཀྱི་འདབ་ལོ།།

ཆུ་བོའི་གཞུང་དུ་ཁྱེར་སོང་།།

༡༠

སྙིང་གི་དུམ་བུ་ཆ་འགྲིག།

ཞེ་སེམས་ཆུ་དང་འོ་མ།།

རི་ཆུ་སྟོང་གིས་ཆོད་པས།།

མཇལ་བའི་དུས་ཤིག་མི་འདུག།

༡༡

གསུང་སྙན་ཁུ་བྱུག་སྔོན་མོ།།

དབྱར་མགོ་ཚེས་དུས་གྲག་ཀྱང་།།

དབྱར་ཟླ་མཇུག་གི་དུས་སུ།།

ཞེན་ཆགས་བཞག་ནས་འཕུར་ཐལ།།

༡༢

ཡིད་ཀྱི་མཁའ་དབྱིངས་གསེབ་ནས།།

ཞེ་མཐུན་མཇའ་ཚོན་འཚེར་བྱུང་།།

བདས་ཀྱང་འཇུ་ས་མེད་པས།

སེམས་པ་ཨ་ཐང་ཆད་སོང་།།

༡༣

བྲག་ཐེམ་སྟེང་གི་རྒོད་པོ།།

གཤོག་སྒྲོ་རླུང་གིས་ཟད་ནས།།

སྐྱོ་བའི་མགུར་གླུ་འཐེན་ཏེ།།

གཤོག་སྣེ་ལྷབ་ལྷུབ་བྱས་བྱུང་།།

༡༤

ཆར་བ་ཟིམ་ཟིམ་བབས་བྱུང་།།

ཆར་སྒྲ་ཤག་ཤག་ཐོས་ཀྱང་།།

རོགས་ཀྱི་སྙིང་གཏམ་མ་གོ།

སེམས་ཀྱི་ཁོ་ཐག་ཆད་ཐལ་།།

༡༥

དགུན་ཁའི་དུས་ཀྱི་བ་མོ།།

ཆགས་ཀྱིས་ཡང་ཡང་གསོས་ཀྱང་།།

དཔྱིད་ཀའི་མགོ་མ་ཚེས་རུང་།།

ཇ་ནག་འཐུང་དགོས་བྱུང་བ།།

༡༦

མེ་ཏོག་ཁ་དོག་མཛེས་པས།།

གསེར་སྦྲང་མཉམ་དུ་མ་འདུག།

རྒྱུ་ཆེན་དཔོན་པོ་ཚང་གིས།།

མཆོད་པའི་རྫས་སུ་བཏུས་སོང་།།

༡༧

སྟོན་རླུང་ཤུར་ཤུར་ལྡང་བས།།

སྡོང་མགོའི་སྙིང་སྡུག་ལོ་མ།།

ཕྱིར་མིག་ལན་གསུམ་འཕངས་ནས།།

ས་གཞིར་བག་མར་ཕེབས་སོང་།།

༡༨

ཁྱེད་ནི་རི་རྒྱལ་ལྷུན་པོ།།

བདག་སེམས་སྤྲིན་པ་འདི་ཀོས།།

བསྐོར་བ་ལན་གསུམ་བརྒྱབ་ཀྱང་།།

མཐའ་མ་བྲལ་དགོས་བྱུང་བ།།

༡༩

ཀྱེ་ཧུད་སྲིད་པའི་ཆོས་ཉིད།།

འདུ་འབྲལ་ལས་ཀྱི་ཟམ་ཆེན།།

ང་དང་བྱམས་པའི་བར་གྱི།།

དགའ་སྡུག་རི་མོ་ཡིན་སོང་།།

༢༠

མི་འགྱུར་སྐར་མ་ཨ་བརྟན།།

ཁྱེད་ལ་འགྱུར་བ་ཡོད་དམ།།

འགྱུར་བའི་ལས་མཐུན་རོགས་ལ།།

མི་འགྱུར་ཐབས་ཤིག་ཨེ་ཡོད།།

༼ གདོང་རིགས། ༽


  • ལེ་ཚན་སྔོན་མ།:ཚིག་གི་དབྱངས་འབྲས།
  • ལེ་ཚན་རྗེས་མ།:འདམ་གྱིས་མ་གོས་པའི་འདམ་སྐྱེས།