གྱེས་བྲལ་གྱི་ཚོར་བ།

        2021-04-16

དབྱར་སྤང་ལྗོངས་སྟེང་གི་སྦྲང་མ་གཉིས།།

སྐྱིད་མེ་ཏོག་ཐང་ལ་འཛོམས་ནས་ཡོད།།

ཉིན་འདི་ལ་མཉམ་འགྲོ་མཉམ་འདུག་ཀྱང་།།

སྟོན་མགོ་མ་ཚེས་དུས་ཕྱི་ལམ་འགྲིམ།།

མཚོ་སྔོ་ལྗང་འགྲམ་གྱི་ངང་སེར་གཉིས།།

གཡུའི་མེ་ལོང་ཐང་ལ་འཛོམས་ནས་ཡོད།།

དུས་འདི་ལ་མཉམ་འགྲོ་མཉམ་འདུག་ཀྱང་།།

ཟླ་གཞུག་མའི་རྗེས་ནས་ལྷོ་རུ་བཞུད།།

སྡེ་གཡང་ཁྱིམ་སང་གི་ན་ཟླ་གཉིས།།

ལས་སྨོན་ལམ་ཞིང་ལ་འཛོམས་ནས་ཡོད།།

ཚེ་འདི་ལ་མཉམ་འགྲོ་མཉམ་འདུག་ཀྱང་།།

དགྲ་འཆི་བདག་ཐོན་དུས་སོ་སོར་བྲལ།།

ནགས་རྒྱ་རྫོང་དཀྱིལ་གྱི་ཁུ་བྱུག་གཉིས།།

དབྱར་ཟླ་གསུམ་བོད་ལ་འཛོམས་ནས་ཡོད།།

དུས་རེ་ཞིག་མཉམ་འགྲོ་མཉམ་འདུག་ཀྱང་།།

ཡུན་མི་རིང་ལྷོ་མོན་རུང་དུ་ཆས།།

༼ རྣོ་ཟེར། ༽


  • ལེ་ཚན་སྔོན་མ།:ངག་ཤུན།
  • ལེ་ཚན་རྗེས་མ།:ཚིག་གི་དབྱངས་འབྲས།