བོད་ཀྱི་རྡུང་ལེན་པ་གྲགས་ཅན་སྐལ་བཟང་བཀྲ་ཤིས།

        2021-04-16

༄༅།། སྒྲ་སྙན་བཀྲ་ཤིས་རྒྱལ་པོ།

བོད་ཀྱི་རྡུང་ལེན་པ་གྲགས་ཅན་སྐལ་བཟང་བཀྲ་ཤིས་ཀྱི་གནས་ཚུལ་རགས་བཀོད།

རྒྱལ་ལྡོང་ཨོ་རྒྱན་དོན་གྲུབ་ཀྱིས་བྲིས།

བོད་ཀྱི་རྡུང་ལེན་པ་གྲགས་ཅན་སྐལ་བཟང་བཀྲ་ཤིས།

གླུ་གར་རོལ་མོ་ནི་འགྲོ་བ་མིའི་རིགས་ཀྱི་འཚོ་བ་ལ་ཁ་འབྲལ་ཐབས་མེད་པའི་རིག་གནས་གལ་ཆེན་ཞིག་ཡིན་ལ། གླུ་གར་རོལ་མོའི་རིག་གནས་འདི་དག་ནི་འགྲོ་བ་མིའི་རིགས་སོ་སོ་ས་སྒང་གོ་ལ་རིལ་མོ་འདིའི་སྟེང་ལ་གནས་ཤིང་གཞིས་ཆགས་པ་ནས་བཟུང་འཚོ་བའི་ཁྲོད་ཀྱི་སོ་སོའི་སེམས་ཀྱི་དགའ་སྐྱོ་ཆགས་སྡང་གི་ཚོར་འདུ་ཡོངས་སུ་མཚོན་པར་བྱ་ཆེད་སྣང་ལ་ངེས་མ་ངེས་ཅི་རིགས་ཀྱི་སྐད་ཆ་རྣམས་དབྱངས་རྟར་བསྡེབས་ཤིང་ངག་ཏུ་བཀུག་པ་ནས་གླུ་གར་རིག་གནས་འདི་དག་དར་བའི་མགོ་བརྩམས་ཡོད་པ་དང་། གླུ་ཡི་གདངས་དང་གར་གྱི་ཉམས་འགྱུར་ལ་དབྱངས་ཀྱི་རམ་འདེགས་བྱེད་ཤེས་པ་ནས་བཟུང་གླུ་གར་རོལ་མོའི་རིག་གནས་འདི་ཉིད་བྱུང་བ་བསྙོན་དུ་མེད་ལ། དུས་རབས་སོ་སོའི་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཀྱག་ཀྱོག་བརྒྱུད་རིམ་ལས་འགྲོ་བ་མིའི་རིགས་ཀྱི་ཉམས་མྱོང་གསོག་འཇོག་དང་རྩོལ་སྒྲུབ་ལ་བརྟེན་ནས་གླུ་གར་རོལ་མོའི་རིག་གནས་འདི་ལའང་འཕེལ་རྒྱས་རིམ་པར་བརྒྱུད་དེ་ཕུན་སུམ་ཇེ་ཚོགས་དང་འཐུས་ཇེ་ཚང་དུ་གྱུར་ཡོད་པ་རེད།

བོད་ཀྱི་རྡུང་ལེན་པ་གྲགས་ཅན་སྐལ་བཟང་བཀྲ་ཤིས།

བོད་ཡུལ་ལུང་པ་འདི་ཡང་འཛམ་གླིང་གི་ཡུལ་གྲུ་སྤྱི་དང་འདྲ་ཞིང་ལོ་ངོ་སྟོང་ཚོ་མང་པོའི་གོང་རོལ་ནས་དཔལ་ཡོན་གྱི་སྤྱི་ཚོགས་ཆགས་ཤིང་མི་རིགས་རང་བཞིན་གྱི་མཛེས་དཔྱོད་ཀྱི་རིན་ཐང་བཟང་པོ་གླུ་གར་རོལ་མོའི་དཔལ་དང་འགྲོགས་ནས་འགྲོ་བ་མིའི་རིགས་ཀྱི་འཚོ་བར་ཕུན་སུམ་ཚོགས་པའི་སྣང་བ་བསྩལ་ཡོད་པ་ནི་ཤེས་གསལ་ལྟར་ལགས་ཤིང་། བོད་ཀྱི་ཆོས་སྲིད་ལུགས་གཉིས་ཀྱི་ཐད་ལའང་གླུ་གར་རོལ་མོའི་དགོས་པ་ནི་བསམ་གྱིས་མི་ཁྱབ་སྟེ། “སྙན་པའི་སྒྲ་ཡིས་རྒྱལ་ཀུན་མཉེས་པར་བྱེད།། ཆོས་སྲུང་མཁའ་འགྲོའི་ཚོགས་རྣམས་འབོད་པའི་དབྱངས།། དམ་ཅན་རྒྱ་མཚོའི་ཚོགས་རྣམས་བསྐུལ་བའི་བརྡ།། དེ་སོགས་རོལ་མོའི་སྒྲ་ལས་བྱུང་བའི་ཕྱིར།།”ཞེས་པ་དང་། རྗེ་ས་པཎ་གྱི་རོལ་མོའི་བསྟན་བཅོས་ལས“དད་ལྡན་རྣམས་ཀྱིས་མཆོད་པ་དང་།། བཀྲེན་པ་རྣམས་ཀྱི་འཚོ་བ་དང་།། ཆགས་ཅན་རྣམས་ཀྱི་ཡིད་གཡོ་བ།། དེ་ཀུན་རོལ་མོ་མཁས་ལས་བྱུང་།།”ཞེས་མཆོད་གནས་དཀོན་མཆོག་གསུམ་དང་རང་གི་བླ་མ་སོགས་ལ་རོལ་མོའི་སྒྲ་དབྱངས་སྙན་མོས་མཆོད་ན་གནས་སྐབས་དང་མཐར་ཐུག་གི་དགོས་དོན་བདེ་བླག་ཏུ་འགྲུབ་པར་བཤད་པ་དང་། འཇིག་རྟེན་ལུགས་ཀྱི་བྱ་གཞག་ཅི་འདྲ་ཞིག་ཡིན་ནའང་གླུ་གར་རོལ་མོ་ལ་མཁས་ཤིང་བྱང་ན་ལྟོ་གོས་གཏམ་གསུམ་སོགས་ཚེགས་མེད་དུ་འགྲུབ་པ་ཡིན་པའི་གནས་ལུགས་ཟབ་མོ་ངང་གིས་བསྟན་འདུག་ལ། དུས་རབས་གོང་མའི་དུས་སྟོད་དང་དེའི་གོང་རོལ་སོགས་ཀྱི་སྐབས་སུ་བོད་ཀྱི་གླུ་གར་རོལ་མོ་འདི་དག་ནི་སོ་སོའི་ཟས་གོས་གནས་མལ་འཚོལ་སྒྲུབ་ཀྱི་ལག་ཆ་ལྟ་བུ་ཞིག་ལས་ས་ཁྱོན་ཆེན་པོ་མ་ཆོད་ཅིང་སོ་སོའི་ལུང་པ་ཙམ་ལས་བརྒལ་མ་ཐུབ་པར་སོ་ན་གནས་ནའང་། དུས་རབས་གསར་རྙིང་གཉིས་ཀྱི་བར་མཚམས་ནས་བོད་ཀྱི་སྒྲ་སྙན་རྡུང་ལེན་གཙོ་བོར་བྱས་པའི་གླུ་གར་རོལ་མོའི་རིག་གནས་འདི་དག་ཀྱང་འཛམ་གླིང་སྤྱིའི་སྒང་གི་འགྲོས་ཕྱོགས་བཞིན་འཕེལ་རྒྱས་ཀྱི་ཚ་རླབས་དགུང་དུ་འཕྱུར་ཞིང་། ཡུལ་མདོ་སྨད་ཨ་མདོ་ཕྱོགས་ནས་རྡུང་ལེན་མཁན་པོ་དཔལ་མགོན་དང་གངས་ལྗོངས་ཁུ་བྱུག་སྔོན་མོ་བདུད་བྷེ་སོགས་རྡུང་ལེན་པ་རྒན་པ་དག་གི་སྣེ་དྲངས་ནས་བོད་ཡུལ་ལུང་པ་འདིར་རྡུང་ལེན་སྒྱུ་རྩལ་འདི་ཁྱབ་བརྡལ་དུ་བཏང་བར་མ་ཟད། རྡུང་ལེན་པ་གྲགས་ཅན་ཁོང་ཚོ་སྐར་ཆེན་དུ་གྱུར་ནས་རྒྱ་ཆེའི་ཉན་མཁན་ཁྲི་སྟོང་མང་པོའི་ཡིད་སེམས་གཉིས་ཀྱི་ཞེན་རྟེན་དུ་གྱུར་མྱོང་བ་འདི་དག་ནི་གླུ་གཞས་སྒྱུ་རྩལ་དར་ཚུལ་གྱི་འཛམ་གླིང་སྒང་གི་མིའི་རིགས་སྤྱི་འགྲོས་ཤིག་ཏུ་ཆགས་པ་དེ་ལྟར་སོང་བ་ཡིན་ལ། རང་རེ་བོད་ཀྱི་སྒྲ་སྙན་རྡུང་ལེན་གྱིས་མཚོན་པའི་གླུ་གཞས་སྒྱུ་རྩལ་འདི་ཡང་འདི་ལྟར་མི་རབས་ནས་མི་རབས་སུ་འཕེལ་རྒྱས་བྱུང་དང་འབྱུང་བཞིན་འདུག་པ་འདི་ག་ལགས་སོ།།

བོད་ཀྱི་རྡུང་ལེན་པ་གྲགས་ཅན་སྐལ་བཟང་བཀྲ་ཤིས།

ཉེ་རབས་བོད་མདོ་དབུས་ཁམས་གསུམ་གྱི་ཡུལ་ལུང་པ་འདི་རུ་འཐུས་ཚབ་རང་བཞིན་གྱི་གཞོན་སྐྱེས་རྡུང་ལེན་སྒྱུ་རྩལ་པ་ཞིག་འཚོལ་དགོས་ཚེ། དེ་ནི་རྡུང་ལེན་འགྲན་སྡུར་གང་མང་གི་ཁྲོམ་ཆེན་པོ་ཟིལ་གྱིས་མནན་དང་གནོད་བཞིན་པའི་སྒྲ་སྙན་བཀྲ་ཤིས་རྒྱལ་པོའི་མཚན་སྙན་ཐོབ་མྱོང་པའི་རྡུང་ལེན་པ་སྐལ་བཟང་བཀྲ་ཤིས་ལགས་སོ།།

རྡུང་ལེན་པ་སྐལ་བཟང་བཀྲ་ཤིས་ནི་སྤྱི་ལོ1994ལོར་ཀན་ལྷོ་རྨ་ཆུའི་དངུལ་རྭ་སྡེ་བར་སྐྱེས། ཆུང་དུས་ནས་སྒྲ་སྙན་དང་གླུ་གར་ལ་སྤྲོ་བ་ཆེ་ཞིང་ལོ་བདུན་ལ་སོན་སྐབས་ཙམ་ནས་རང་གི་ཕུ་བོར་བརྟེན་ཏེ་མན་ཐོ་ལེན་སྒྲ་སྙན་རྡུང་རྩལ་ལ་སྦྱངས་པ་བྱས་པ་ལས་ཆུང་དུས་ནས་སློབ་གྲྭར་འགྲིམ་པའི་སྐལ་བ་མ་ཐོབ་ནའང་། ལས་དབང་ཟབ་མོ་ཞིག་གིས་བཀོད་སྒྲིག་ལས་རང་ལོ་བཅུ་གསུམ་སྟེང་རྭ་རྒྱ་ཤེས་རིག་ནོར་བུ་གླིང་ལ་ཞུགས་པའི་སྐལ་བཟང་མངོན་དུ་གྱུར་ཏེ་རྒྱ་བོད་དབྱིན་གསུམ་སྐོར་ལ་སློབ་སྦྱོང་གི་གོ་སྐབས་ཐོབ། སློབ་སྦྱོང་གི་གོ་རིམ་ནས་མཐོ་འབྲིང་ལོ་རིམ་དང་པོར་སླེབས་སྐབས་དབྱིན་ཡིག་ཆེད་སྦྱོང་འཛིན་གྲྭར་ཞུགས། སློབ་གྲྭར་འགྲིམ་པའི་རིང་ལ་སྒྲ་སྙན་རྡུང་ལེན་ལ་ཁ་མ་བྲལ་ཞིང་སློབ་སྦྱོང་ཞོར་དུ་ཁོམ་སྐབས་བཙལ་ནས་སྒྲ་སྙན་རྡུང་ལེན་ལ་སྦྱངས་པ་ཧུར་ཐག་བྱས་ཤིང་སློབ་གྲྭའི་བྱ་འགུལ་ཆེ་མ་ཆུང་གསུམ་ལ་ཞུགས་པས་སློབ་རའི་གླུ་པ་ཆུང་ཆུང་ཞིག་ཏུ་གྱུར།

བོད་ཀྱི་རྡུང་ལེན་པ་གྲགས་ཅན་སྐལ་བཟང་བཀྲ་ཤིས།

སྤྱི་ལོ2014ལོར་རྭ་རྒྱ་ཤེས་རིག་ནོར་བུ་གླིང་ནས་སློབ་ཐོན་བྱུང་ཞིང་། རྒྱལ་ཁམས་དབྱངས་ཀྱིས་བཅད་པའི་ལས་དབང་ཐོད་ལ་བླངས་ཤིང་། ཐོག་མར་དབུས་མཆོག་ལྷ་སར་སོང་ནས་ཉིན་མོ་ཞབས་ཞུའི་ལས་རིགས་སུ་ཞུགས་ནས་ཞོར་ལས་བཙལ་ཞིང་རང་གི་ཕུགས་ཀྱི་འདུན་མ་མངོན་འགྱུར་ཡོང་བར་སྒྲ་སྙན་གྱི་དབྱངས་རྟ་རེ་རེས་སྟོད་ཉི་མ་ལྷ་སའི་མཚན་མོའི་ལྷིང་འཇགས་དཀྲོགས་པ་ནི་ཐེངས་གཅིག་ག་ལ་ཡིན། ལོ་གཅིག་ལྷག་ལ་དབུས་ལྷ་ལྡན་ཞིང་ནས་ཞབས་ཞུ་དང་རྡུང་ལེན་གཉིས་ཆར་ལ་འབད་པ་བྱས་ཤིང་སྤྱི་ལོ2016ལོའི་ལོ་མགོ་ནས་པེ་ཅིང་དུ་འབྱོར་ཏེ། མ་སྐྱེས་ཨ་མའི་གླུ་གར་ཁང་ནས་མངའ་རིས་སྒྲ་སྙན་གྲོགས་སུ་བསྟེན་ནས་རྡུང་ལེན་གྱི་དབྱངས་རྟ་སྙན་མོའི་འགྱུར་ཁུགས་རེ་རེས་པེ་ཅིང་མཁར་གྱི་མཛེས་སྡུག་རུམ་ཞིང་ཕུགས་བསམ་གྱི་རྨི་ལམ་ལ་འཚོལ་སྙེག་གི་གཤོག་ཟུང་ཀུན་ནས་བསྐྱངས།

སྤྱི་ལོ2017ལོའི་ཟླ5པར་སླར་ཡང་རྒྱལ་ས་པེ་ཅིང་ནས་ཁ་བྲལ་ཏེ་ཞིས་ཨན་དུ་བསྐྱོད་པའི་ལམ་ལ་ཞུགས། ཞིས་ཨན་ནས་ཐང་བོད་གནའ་ལམ་བོད་གཞས་ཁང་ནས་སླར་ཡང་སྒྲ་སྙན་འབྲུག་མགོ་མ་ལག་ཏུ་བཟུང་ཞིང་སྐད་སྙན་མོའི་དབྱངས་རྟ་རེ་རེས་ཕྱོགས་ཡོངས་ཀྱི་མགྲོན་པོ་མང་པོའི་ནང་སེམས་སྐྱིད་ལ་བསྐུལ་བས་མ་ཚད། རང་ཉིད་ལའང་མཚོན་ནའང་སྔར་ཐོབ་མ་མྱོང་བའི་གོ་སྐབས་བཟང་པོ་ཐོབ་པ་སྟེ། བོད་གཞས་ཁང་གི་གར་སྟེགས་དེ་ནས་རོལ་མོ་སྣ་ཚོགས་སྦྱངས་པ་དང་འཁྲབ་སྟོན་བྱེད་རྒྱུའི་གོ་སྐབས་ཐོབ་པ་དང་། དེས་མ་ཚད་བོད་སྐད་དང་དབྱིན་སྐད་གཉིས་ཀྱི་ལམ་ནས་མདོ་འཛིན་པའི་ལས་ཀར་ཞུགས་ཤིང་མགྲོན་པོ་མང་པོའི་སེམས་སུ་དགའ་སྐྱིད་ཀྱི་སྣང་བ་སྟེར་ཞིང་གླུ་གཞས་སྒྱུ་རྩལ་གྱི་སྐོར་ལ་བྱང་ཆ་ངེས་ཅན་ཞིག་རང་གི་རྒྱུད་དུ་འབྱོར།

བོད་ཀྱི་རྡུང་ལེན་པ་གྲགས་ཅན་སྐལ་བཟང་བཀྲ་ཤིས།

སྤྱི་ལོ2018ལོའི་ཟླ2པའི་ཟླ་དཀྱིལ་ནས་ཞིས་ཨན་གྲོང་ཁྱེར་ནས་གྲོང་ཁྱེར་ཁྲེང་ཏུའུ་འམ་སྤོས་ལྡན་དུ་བསྐྱོད་ཅིང་། གྲོང་ཁྱེར་འདི་ནས་སླར་ཡང་མ་སྐྱེས་ཨ་མའི་གླུ་གར་ཁང་ནས་སྒྲ་སྙན་འབྲུག་མགོ་མ་ལག་ཏུ་བཟུང་ཞིང་། ཕྱོགས་ཡོང་ཀྱི་མགྲོན་པོ་མང་པོའི་ཡིད་སེམས་དགའ་བདེའི་དཔལ་དུ་

དྲངས་བར་མ་ཟད། གནས་འདི་ནས་ཁོས་མང་གླུ་དང་དེང་རབས་གླུ་གཞས། གེལ་ཐུ་དང་ལག་རྔ་སོགས་ཀྱིས་མཚོན་པའི་གནའ་དེང་གི་གླུ་དང་དབྱངས་རྟ། རོལ་ཆ་སོགས་ལ་སྦྱངས་པ་བྱེད་རྒྱུའི་གོ་སྐབས་ཐོབ་པས་གླུ་གཞས་སྒྱུ་རྩལ་ཕྱོགས་ཀྱི་ཤེས་རབ་ལ་དཔངས་ཇེ་མཐུག་ཏུ་གྱུར།

སྤྱི་ལོ2020ལོར་མཚོ་སྔོན་ཞིང་ཆེན་ཏང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་དང་། མཚོ་སྔོན་ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་། མཚོ་སྔོན་ཞིང་ཆེན་རིག་གནས་དང་གནས་སྐོར་ཐིན། མཚོ་སྔོན་ཞིང་ཆེན་རྒྱང་སྒྲོག་བརྙན་འཕྲིན་ཅུས། མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་བཅས་ཀྱིས་མཉམ་འབྲེལ་སྒོས་སྒྲུབ་པའི་མི་རིགས་མཐུན་སྒྲིལ་རྟགས་མའི་མདོ་ཁམས་ཡུལ་གྱི་སྒྲ་སྙན་རྡུང་ལེན་འགྲན་སྡུར་སྐབས་བདུན་པ་དེ་འཚོགས་ཤིང་། བོད་མདོ་ཁམས་ཕྱོགས་ཀྱི་ཞིང་ཆེན་གསུམ་ནས་ཡོང་བའི་འགྲན་ཞུགས་པ400ལྷག་གིས་སོ་སོའི་ལག་སོར་མའི་རྩལ་ཉམས་དང་ངག་མགྲིན་པའི་འགྱུར་ཁུགས་ཀྱིས་འགྲན་སྡུར་རབ་དང་རིམ་པ་མང་པོ་བརྒྱུད་ནས། མཐར་སྤྱི་ཟླ11པའི་ཚེས16ཉིན་གནའ་མཁར་ཟི་ལིང་གྲོང་ནས་མཇུག་མཐའི་རྟིང་རྩོད་འགྲན་སྡུར་བསྡུས་ཤིང་། རྡུང་ལེན་པ་སྐལ་བཟང་བཀྲ་ཤིས་ལགས་ཀྱི་སྒྲ་རྡུང་བའི་སོར་རྩལ། གླུ་ལེན་པའི་ངག་རྩལ་གྱིས་གར་སྟེགས་ཁྲོམ་ཆེན་ཟིལ་གནོན་ལས་འགྲན་ཡ་ཀུན་ལས་རྣམ་པར་རྒྱལ་སྟེ་སྒྲ་སྙན་བཀྲ་ཤིས་རྒྱལ་པོའི་མཚན་རྟགས་བཞེས་ཤིང་མཚན་སྙན་བ་དན་དཀར་པོ་བོད་མདོ་དབུས་ཁམས་གསུམ་གྱི་རི་ཀླུང་ཀུན་ཏུ་ཁྱབ།

བོད་ཀྱི་རྡུང་ལེན་པ་གྲགས་ཅན་སྐལ་བཟང་བཀྲ་ཤིས།

ཁོས་དེ་ལྟར་སྤྱི་ལོ2017ཙམ་ནས་ཕྱོགས་སོ་སོའི་སྒྲ་སྙན་རྡུང་ལེན་འགྲན་སྡུར་དུ་མར་ཞུགས་ཤིང་གཡུར་དུ་ཟ་བའི་གྲུབ་འབྲས་བླངས་ཡོད་དེ། སྤྱི་ལོ2017ལོའི་ཟླ10བའི་ཚེས8ཉིན་མདོ་ཁམས་ཡུལ་གྱི《གངས་རིའི་གདངས་དབྱངས》ཞེས་པའི་རྡུང་ལེན་འགྲན་ཚོགས་ཆེན་མོ་སྐབས་དང་པོར་ཨང་གསུམ་པ་ཐོབ། སྤྱི་ལོ2017ལོའི་ཟླ10བའི་ཚེས16ཉིན་མདོ་ཁམས་ཡུལ་གྱི་སྐབས་དང་པོའི《རྒྱུད་སྐུད་ཀྱི་ལམ་བུ》ཞེས་པའི་རྡུང་ལེན་འགྲན་ཚོགས་ཆེན་མོ་སྐབས་དང་པོའི་སྟེང་ཨང་གསུམ་པ་ཐོབ།སྤྱི་ལོ2017ལོའི་ཟླ11ཚེས26ཉིན《ཁྱེད་དང་ངའི་མགྲིན་དབྱངས》ཞེས་པའི་མདོ་ཁམས་ཡུལ་གྱི་རྡུང་ལེན་འགྲན་སྡུར་སྐབས་དང་པོའི་ཁྲོད་བྱ་དགའ་ཨང་དང་པོ་ཐོབ། སྤྱི་ལོ2018ལོའི་ཟླ1པོའི་ཚེས7ཉིན། མདོ་སྨད་ཡུལ་གྱི《ཚངས་སྲས་ལྷ་མོ་དགྱེས་པའི་མཆོད་དབྱངས》ཞེས་པའི་སྒྲ་སྙན་རྡུང་ལེན་འགྲན་ཚོགས་ཆེན་མོ་སྐབས་གཉིས་པའི་སྟེང་བྱ་དགའ་ཨང་དང་པོ་ཐོབ། སྤྱི་ལོ2018ལོའི1པོའི་ཚེས22ཉིན་མདོ་ཁམས་ཡུལ་གྱི་རྡུང་ལེན་འགྲན་ཚོགས་ཆེན་མོ《ལྷ་བཙན་སྐྱེས་རི་མཆོད་པའི་དུང་སྒྲ》ཞེས་པའི་འགྲན་ཚོགས་ཁྲོད་ཨང་གསུམ་པ་ཐོབ། སྤྱི་ལོ2019ལོའི་ཟླ9བའི་ཚེས7ཉིན་མདོ་ཁམས་ཡུལ་གྱི《ཚངས་སྲས་ངག་གི་མཆོད་པ》ཞེས་པའི་རྡུང་ལེན་འགྲན་ཚོགས་ཆེན་མོ་སྐབས་དང་པོའི་སྟེང་ཕུལ་བྱུང་བྱ་དགའ་ཐོབ། སྤྱི་ལོ2019ལོའི་ཟླ10བའི་ཚེས2ཉིན་ཉིས་ཁྲི་རྟགས་མའི་མདོ་ཁམས་ཡུལ་གྱི《ཨ་ཁུ་པདྨ》ཞེས་པའི་སྒྲ་སྙན་རྡུང་ལེན་འགྲན་ཚོགས་ཆེན་མོའི་ཁྲོད་བྱ་དགའ་ཨང་གཉིས་པ་ཐོབ། སྤྱི་ལོ2019ལོའི་ཟླ11པའི་ཚེས19ཉིན། མདོ་ཁམས་ཡུལ་གྱི《མཐུན་སྒྲིལ་གསེར་གྱི་ཨ་ལོང》ཞེས་པའི་སུམ་ཁྲི་རྟགས་མའི་རྡུང་ལེན་འགྲན་ཚོགས་ཆེན་མོ་སྐབས་དང་པོར་བྱ་དགའ་ཨང་དང་བོ་ཐོབ། སྤྱི་ལོ2019ལོའི་ཟླ12པའི་ཚེས14ཉིན། མདོ་ཁམས་ཡུལ་གྱི་རླངས་འཁོར་རྟགས་མའི་རྡུང་ལེན་འགྲན་ཚོགས་ཆེན་མོ་སྐབས་གཉིས་པའི་སྟེང་བྱ་དགའ་ཨང་དང་པོ་ཐོབ། སྤྱི་ལོ2020ལོར་མི་རིགས་མཐུན་སྒྲིལ་རྟགས་མའི་མདོ་ཁམས་ཡུལ་གྱི་སྒྲ་སྙན་རྡུང་ལེན་འགྲན་སྡུར་སྐབས་བདུན་པར་ཨང་དང་པོའི་བྱ་དགའ་བླངས་ནས་སྒྲ་སྙན་བཀྲ་ཤིས་རྒྱལ་པོའི་མཚན་སྙན་ཐོབ།

བོད་ཀྱི་རྡུང་ལེན་པ་གྲགས་ཅན་སྐལ་བཟང་བཀྲ་ཤིས།

ཁོས་བོད་ཀྱི་སྒྲ་སྙན་རྡུང་ལེན་འདི་ལ་རང་མི་རིགས་ཀྱི་ཁྱད་ཆོས་མ་བོར་བའི་ཐོག་ཏུ། རྡུང་རྩལ་གསར་པ་དུ་མ་ནང་འདྲེན་དང་གསར་གཏོད་བྱས་ཏེ་རྡུང་ལེན་སྒྱུ་རྩལ་འདི་འཛམ་གླིང་ཅན་དང་། དར་སྲོལ་ཅན་དུ་བསྒྱུར་བར་འབད་པ་དང་སྦྱོང་བ་ཤུགས་ཆེར་གནང་མུས་སུ་མཆིས་ཤིང་། ཁོ་ནི་དུས་རབས་ཤིག་གི་སྒྲ་སྙན་རྡུང་ལེན་གྱི་འཐུས་ཚབ་རང་བཞིན་གྱི་མི་སྣ་རུ་གྱུར་བར་མ་ཟད་བོད་ཀྱི་རྡུང་ལེན་སྒྱུ་རྩལ་དེ་དུས་རབས་ཀྱི་འགྲོས་དང་མཐུན་པར་འཕེལ་རྒྱས་ཀྱི་ལམ་ཁ་སྙེག་པར་མེད་དུ་མི་རུང་བའི་མི་སྣ་གལ་ཆེན་ཞིག་ཏུ་གྱུར་ཡོད་ལ། འདི་ནས་ཁོའི་གླུ་གཞས་སྒྱུ་རྩལ་ལ་ཕྱོགས་པའི་ཕུགས་འདུན་དཀར་པོ་དེ་མདུན་ལམ་དཀར་པོ་གཟི་འོད་དང་འགྲོགས་ནས་བོད་ཀྱི་རྡུང་ལེན་སྒྱུ་རྩལ་འདི་ལ་དུས་རབས་ཀྱི་གསོན་གསར་པ་རེ་བསྩལ་ཐུབ་པའི་བཀྲ་ཤིས་སྨོན་འདུན་ཞུས་པ་ལགས་སོ།།

བོད་ཀྱི་རྡུང་ལེན་པ་གྲགས་ཅན་སྐལ་བཟང་བཀྲ་ཤིས།

རྩོམ་སྒྲིག་པ། མགར་རྒྱལ་སྲས།

  • ལེ་ཚན་སྔོན་མ།:མེ་ཏོག་ཆུན་པོ་དབྱངས་ཕྱུག་མཚོ།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།