ཁྱིམ་སྒོ་ཁའི་ཏང་གི་ལོ་རྒྱུས་ཀྱི་ཐོན་ཁུངས་ལ་གསོན་ཤུགས་སྣོན་དུ་འཇུག

        2021-04-14

དཀར་མཛེས་རྫོང་གིས་གསར་བརྗེའི་ཐོན་ཁུངས་དེ་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་སློབ་གཞི་གསོན་པོར་འགྱུར་དུ་བཅུག

མཐོ་སྒང་དུ་དཔྱིད་དཔལ་རྒྱས་པའི་དུས་དང་བསྟུན་ནས་དཀར་མཛེས་རྫོང་དུ་ཏང་གི་ལོ་རྒྱུས་སློབ་སྦྱོང་བྱེད་པའི་ཚ་རླབས་ཚ་ཚ་འུར་འུར་ཞིག་འཕྱུར་བཞིན་ཡོད་པ་རེད། “1936ལོར་ཀྲུང་གོ་བཟོ་ཞིང་དམར་དམག་གི་དཔུང་ཕྱོགས་སྒར་ཆེན་གཉིས་པ་དང་བཞི་པ་དཀར་མཛེས་རྫོང་དུ་དམག་དཔུང་མཉམ་འཛོམས་བྱས་སྐབས་དམར་དམག་དཀར་མཛེས་རྫོང་དུ་སྡོད་རིང་ས་གནས་དེ་གའི་མི་སེར་དང་མཛའ་མཐུན་གྱི་འབྲེལ་བ་ཟབ་མོ་ཆགས་ནས་དཀར་མཛེས་རྫོང་གི་གསར་བརྗེའི་ལོ་རྒྱུས་ཐོག་འོད་སྟོང་འཕྲོ་བའི་ཤོག་ལྷེ་ཞིག་བྲིས་ཡོད”པ་རེད། སྤྱི་ཟླ4པའི་ཚེས7ཉིན་དཀར་མཛེས་རྫོང་སྤྱི་ཁྱབ་དམག་སྤྱི་ཀྲུའུ་ཏེ་དང་དགེ་རྟག་མཆོག་སྤྲུལ་སྐུ་ཕྲེང་ལྔ་པའི་དྲན་གསོ་ཁང་གི་འགྲེལ་བཤད་པ་སྒྲོལ་དཀར་གྱིས་སློབ་སྦྱོང་བྱེད་དུ་འོངས་པའི་ཐང་ཁ་ཡུལ་ཤོག་གི་ཏང་ཡོན་ལས་བྱེད་པ20ལྷག་ཙམ་ལ་དཀར་མཛེས་སུ་དམག་དཔུང་མཉམ་འཛོམས་བྱས་སྐབས་ཀྱི་གཏམ་རྒྱུད་བཤད་བཞིན་འདུག ཏང་གི་ལོ་རྒྱུས་སློབ་སྦྱོང་དང་སློབ་གསོ་བྱས་པ་ནས་བཟུང་སྒྲོལ་དཀར་གྱིས་རིམ་རྩིས་བྱས་ན་རྫོང་རིམ་པའི་སྡེ་ཚན་དང་ཡུལ་གྲོང30ལྷག་ཙམ་གྱི་ཏང་ཡོན་ལས་བྱེད་པ2000ལྷག་ཙམ་ལ“དཀར་མཛེས་དམག་དཔུང་མཉམ་འཛོམས”སྐོར་གྱི་ལོ་རྒྱུས་བཤད་ཡོད་པ་རེད།

དཀར་མཛེས་རྫོང་ནི་གསར་བརྗེའི་ཐོན་ཁུངས་ཀྱི་རྫོང་ཆེན་པོ་དང་གསར་བརྗེའི་གནས་གཞིའི་ས་ཁུལ་རྙིང་པའི་རྫོང་ཡིན་པར་བརྟེན། རྫོང་གི་མངའ་ཁོངས་སུ་ཞིང་ཆེན་རིམ་པའི་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་རྟེན་གཞི་སྤྱི་ཁྱབ་དམག་སྤྱི་ཀྲུའུ་ཏེ་དང་དགེ་རྟག་མཆོག་སྤྲུལ་སྐུ་ཕྲེང་ལྔ་པའི་དྲན་གསོ་ཁང་ཡོད་པ་དང་། ཁུལ་རིམ་པའི་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་རྟེན་གཞི་བེ་རི་དགོན་པ། འབུམ་ཤོག་བཅོ་བརྒྱད་པའི་ས་ཕུག་སོགས་དམར་དམག་རྒྱང་སྐྱོད་སྐབས་སུ་དམག་དཔུང་མཉམ་འཛོམས་བྱེད་ཡུལ་གྱི་རྗེས་ཤུལ་དང་། སྤྱི་ཁྱབ་དམག་སྤྱི་ཀྲུའུ་ཏེ་དང་དགེ་རྟག་མཆོག་སྤྲུལ་སྐུ་ཕྲེང་ལྔ་པའི་བར“དམག་གིས་དམངས་ལ་གཅེས་པ་དང་དམངས་ཀྱིས་དམག་ལ་བཀུར་བའི”འབྲེལ་བ་ཆགས་པའི་ལོ་རྒྱུས་ཀྱི་བསྟོད་གླུའང་ཡོད་པ་རེད།

དཀར་མཛེས་རྫོང་གིས་ས་གནས་དེ་གའི་ཏང་གི་ལོ་རྒྱུས་ཀྱི་ཐོན་ཁུངས་ཕུན་སུམ་ཚོགས་པ་སྔོག་འདོན་གཏིང་ཟབ་བྱས་ཏེ་གསར་བརྗེའི་གཞི་རྒྱུ་དེ་བལྟ་རྒྱུ་ཡོད་པ་དང་། ཉན་རྒྱུ་ཡོད་པ། ཀློག་རྒྱུ་ཡོད་པ་བཅས་ཀྱི་རིག་གནས་ཐོན་རྫས་དང་བསམ་པའི་ལོངས་སྤྱོད་ཅིག་ཏུ་བརྩིས་ནས་རྫོང་ཡོངས་ཀྱི་རྒྱ་ཆེའི་ཏང་ཡོན་ཚོར་གསར་བརྗེའི་ཐོན་ཁུངས་ཁྲོད་ནས་བསམ་པའི་ཐོག་གི་སྙིང་སྟོབས་དང་ལེན་དང་གསར་བརྗེའི་གཞི་རྒྱུ་རྒྱུན་འཛིན་བྱེད་དུ་བཅུག་གིན་ཡོད་པ་རེད། རྫོང་དེས་ཏང་གི་ལོ་རྒྱུས་སློབ་སྦྱོང་དང་སློབ་གསོ་བྱེད་པར་ཟུང་འབྲེལ་བྱས་ནས་རྫོང་ཁོངས་ཀྱི་གསར་བརྗེའི་ཐོན་ཁུངས་ཀྱི་རྟེན་གཞི་གཙོ་བོ5སློབ་སྦྱོང་བྱེད་གནས་སུ་བཞག་པ་དང་། མི་སྣ་སྒྲིག་འཛུགས་བྱས་ཏེ་གསར་བརྗེའི་གཏམ་རྒྱུད་སྔོག་འདོན་དང་ལེགས་སྒྲིག་བྱས་པའི་དུས་མཚུངས་སུ། ཁག་བགོས་ནས་སྒྲོག་འགྲེལ་པ་བཀོད་སྒྲིག་བྱས་ཏེ“གཏམ་རྒྱུད་ཅིག་བཤད་པ་དང་། ལོ་རྒྱུས་དུམ་བུ་ཞིག་རྒྱུས་ལོན་བྱེད། ལོ་ཟླ་དུམ་བུ་ཞིག་བསྐྱར་དྲན་བྱེད་པ”སོགས་ཀྱི་བྱེད་སྒོ་སྤེལ་བར་བརྒྱུད། རྩ་ཆེ་བའི་པར་རིས་རེ་རེ་དང་།ལོ་རྒྱུས་ཀྱི་རིག་གནས་དངོས་པོ་རེ་རེ། དངོས་སུ་བྱུང་བའི་གཏམ་རྒྱུད་རེ་རེ་བཅས་ཀྱི་ཐོག་ནས་ཏང་ཡོན་ལས་བྱེད་པར་དཀར་མཛེས་རྗོང་ལ་ལོ་རྒྱུས་འཕོ་འགྱུར་གྱི་འབྱུང་ཁུངས་དང་བྱུང་བའི་འཕོ་འགྱུར་ལ་ཤེས་རྟོགས་ཐུབ་པ་བྱས་ཏེ་གོ་བདེ་ཞིང་ཤེས་སླ་བའི་ཁ་སྐད་ཆ་ཐོག་ནས་ཏང་ཡོན་ལས་བྱེད་པར་ལྟ་འདོད་ཅིང་ཉན་སྤྲོ་བའི་ཁྲོད་དུ་ལོ་རྒྱུས་སྦྱངས་ན་གནས་ལུགས་རྟོགས། ལོ་རྒྱུས་སྦྱངས་ན་ངེས་ཤེས་སྐྱེད། ལོ་རྒྱུས་སྦྱངས་ན་ཀུན་སྤྱོད་བརྩི། ལོ་རྒྱུས་སྦྱངས་ན་བརྩོན་ཤུགས་འཕེལ་བཅས་བྱེད་དུ་བཅུག་པ་རེད།

དུས་མཚུངས་སུ་རྫོང་དེས་ཏང་གི་ལོ་རྒྱུས་ཀྱི་དཔྱད་གཞི་དེ་སློབ་དེབ་ཏུ་བསྒྱུར་བ་དང་ལས་ཡུལ་དངོས་དེ་སློབ་ཁང་དུ་བསྒྱུར་ནས་རྫོང་ཨུ་དྲིལ་བསྒྲགས་པུའུ་དང་རྫོང་ཨུ་ཏང་གི་ལོ་རྒྱུས་ཞིབ་འཇུག་ཁང་། རྫོང་ཨུའི་ཏང་གི་སློབ་གྲྭ་སོགས་སྡེ་ཚན་ནས་རིགས་པའི་གཞུང་ལུགས་ཀྱི་ཆུ་ཚད་མཐོ་ཞིང་དཀར་མཛེས་རྫོང་གི་ཏང་གི་ལོ་རྒྱུས་ལ་རྒྱུས་མངའ་ཆེ་བ། ལག་ལེན་གྱི་ཉམས་མྱོང་ཕུན་སུམ་ཚོགས་པོ་ཡོད་པ་བཅས་ཀྱི་རིགས་པའི་གཞུང་ལུགས་ཀྱི་རྐང་འཛིན་པའི་སྐོང་འཐེན་བྱས་ནས་ཆེད་ལས་འཛིན་གྲྭ་བཙུགགས་ཏེ་ཏང་གི་ལོ་རྒྱུས་ཀྱི་དཔྱད་གཞིའི་ཡིག་རིགས་ལྟ་ཀློག་དང་གསར་བརྗེའི་སྔོན་བྱོན་པ་ཚོའི་དྲན་ཐོར་ཞིབ་ཀློག་བྱེད་པ་སོགས་ཀྱི་བྱེད་ཐབས་བརྒྱུད་ནས་ལོ་རྒྱུས་ཀྱི་དཔྱད་གཞིའི་ཡིག་རིགས་མང་པོའི་ནང་ནས་གསར་བརྗེའི་སྔོན་གཤེགས་དཔའ་བོ་ཚོས་དཀར་མཛེས་ཁུལ་གྱི་ས་གཞི་ཆེན་མོའི་ཐོག་འབད་འཐབ་བྱས་པའི་ལོ་རྒྱུས་དང་གསར་བརྗེའི་འཐབ་རྩོད་བྱས་པའི་ལོ་རྒྱུས་ཀྱི་དོན་དངོས་འཚོལ་བསྡུ་བྱས་ཏེ《དཀར་མཛེས་རྫོང་དུ་དམར་དམག་མཉམ་འཛོམས་བྱས་པ》དང་《དཀར་མཛེས་རྫོང་གི་གསར་བརྗེའི་རྟེན་གཞིའི་ས་ཁུལ་རྙིང་པའི་འཕེལ་རྒྱས་ལོ་རྒྱུས》སོགས་ཀྱི་དཔེ་དེབ་བསྡུ་སྒྲིག་བྱས་པ་རེད། (ལྷ་འཛོམས་ཀྱིས་བསྡུས་བསྒྱུར།)


  • ལེ་ཚན་སྔོན་མ།:ཞའོ་ཡིའུ་ཚའེ་ཡིས་བརྒྱད་ཟིལ་རྫོང་དུ་མེ་གསོད་ལས་གནས་དང་པོར་བཀོད་འདོམས་མཛུབ་སྟོན་གནང་།
  • ལེ་ཚན་རྗེས་མ།:ནགས་ཚལ་དང་རྩྭ་ཐང་གི་མེ་གསོད་གནས་ཚུལ་ལ་ལྟ་སྐུལ་ཞིབ་བཤེར་བྱས།
  • དོ་སྣང་ཆེ་བའི་རྩོམ།