ངག་ཤུན།

གུ་དཔལ་ཤིས།        2021-04-09

སེམས་ཉིད་སྟོང་བའི་རླུང་བུ་ཡིས།།

ལྗོན་པའི་ཡལ་ག་ལྡེམ་ཙམ་གཡོ།།

གྲིབ་མའི་སྣང་བ་འགུལ་ཚུལ་གྱིས།།

ཞེ་རུས་མེ་ཏོག་ལྷུག་ལྷུག་དགོད།།

བྱེའུ་ཚོགས་དག་འཕུར་བ་ཡིས།།

ལྗོན་པའི་འཁྲི་ཤིང་སྡོད་ཙམ་བྱེད།།

ལས་ཀྱིས་ཕྱོགས་པའི་གནས་མལ་དེར།།

བྲེལ་བ་དང་བཅས་རྒྱང་དུ་བཞུད།།

ཐུགས་ངལ་སྐྱོ་སྐྱོ་མ་གནང་དང་།།

སྣང་བ་ངལ་དུབ་མ་གནང་ཀྱེ།།

སྐད་ཅིག་ཆར་ཞོད་རྗེས་ཤུལ་དུ།།

ཚོར་བའི་ཆར་འཇམ་སྙན་པར་བྱོ།།

ཡུལ་གྱི་སྤྲིན་པ་འཁྱུག་ཚུལ་གྱིས།།

གནམ་གྱི་གཤིས་ལ་ངལ་དགོས་མེད།།

གྲིབ་མ་གྲིབ་མས་གཡོ་ཚུལ་ཙམ།།

འཁོར་བའི་རྟེན་འབྲེལ་མ་ཡིན་གྲང་།།

གཞིས་དེ་རྒྱང་དུ་ལུས་པ་དང་།།

མི་དེ་རིང་དུ་གྱེས་པ་སོགས།།

འཆར་ཡན་རྒོད་ནས་ཅི་ཞིག་བྱ།།

སྐྱོ་གདུང་དྲུད་ནས་ཅི་ཞིག་བྱ།།

ཡུལ་གྱི་མཐུན་རྐྱེན་མ་ཚང་བས།།

ལྗོན་པའི་འདབ་ལོ་ག་ལ་བཞད།།

སྣང་བའི་གཉུག་གཤིས་མ་མཐུན་པས།།

ལག་པའི་འཐམ་འཁྱུད་ག་ལ་འོང་།།

སེམས་པའི་གྲོང་གི་མེ་ལོང་དུ།།

སྣང་བའི་འཚུབ་མ་རྒྱག་ཀྱང་ཆོག།

ལས་འཕྲོ་ནང་གི་སྒེའུ་ཁུང་གྲོང་།།

སྨུག་བ་འཁོར་བར་ཆོས་ཉིད་རེད།།

མིག་གི་ཆར་ཟིལ་ལྷུང་དགོས་མེད།།

ངག་གི་ཤུགས་རིང་འཐེན་དགོས་མེད།།

ཡིད་ཀྱི་སྨག་རུམ་འཐིབ་དགོས་མེད།།

གྱེས་པ་འཛོམས་པའི་བྱས་ཆོས་རེད།།

འུ་ཚོ་དེ་རིང་འཛོམས་ཀྱང་ཆོག།

འུ་ཚོ་སང་ཉིན་འགྲིག་ཀྱང་ཆོག།

འུ་ཚོ་གནང་ཉིན་ཚོགས་སྲིད་པར།།

སུ་ལ་ཆ་འཇོག་སྨྲ་སྒོ་མཐོ།།

རྟེན་འབྱུང་སྒྱུ་མའི་སྟོང་བའི་གར།།

དབྱངས་དང་གསལ་བྱེད་འཁྲབ་པའི་ཚུལ།།

འཁོར་བའི་ཤོག་ལྷེར་ཕབ་པ་ན།།

གཉུག་མའི་སེམས་ཀྱིས་མྱོང་རོལ་བྱོས།།

  • ལེ་ཚན་སྔོན་མ།:དབུགས་རིང་ཞིག
  • ལེ་ཚན་རྗེས་མ།:གྱེས་བྲལ་གྱི་ཚོར་བ།