ཀླུ་མོ་དཀར་མོ་ལ་ཕུལ་བའི་འཕྲིན་ཡིག

མགར་གློག་མིག        2021-04-08

A

ཧེ། ཁྱོད་བདེ་མོ། ཉེ་བའི་ཉིན་འདི་དག་གི་རིང་ང་རང་ལུས་སེམས་ཧ་ཅང་བདེ་ཞིང་བྱ་བ་གང་ཞིག་འགྲུབ་སོང་བའི་སེམས་ཚོར་ཞིག་ཀྱང་འགོག་མེད་དུ་སྐྱེས་ཡོང་གི་འདུག དེ་ནི་འུ་གཉིས་རང་རང་གི་ས་ནས་ཡུན་རིང་དུ་རེ་སྒུག་བྱེད་པའི་ལྷན་འཛོམས་ཀྱི་ཉི་མ་སྐྱིད་ཤོད་ལྷ་ས་ནས་དངོས་སུ་འཆར་བས་ཡིན་ངེས།

B

ཕན་ཚུན་ཐེངས་གཉིས་ལས་ངོ་འཕྲད་མ་མྱོང་བའི་སྙིང་ཉེ་བའི་མི། ད་ཐེངས་ཀྱི་ཐུག་འཕྲད་དེ་ནི་ཐེངས་གསུམ་པ་རུ་བགྲང་ཆོག སྐབས་འདིར་ངས་ཁྱོད་ལ་ཆེད་དུ་ཉོས་པའི་ལག་རྟགས་སྟེང་གི་ཡིག་འབྲུ་དེ་དག་དྲན་བྱུང་། ཡིག་འབྲུ་དེ་དག་ནི་འདི་ལྟར་ཏེ་“ལོ་དེར་རི་མཚོ་དང་མཆོད་རྟེན་བསྐོར་བ་ནི་སྐྱེ་བ་ཕྱི་མའི་འཁོར་བའི་ཆེད་དུ་མིན། དེ་ནི་ལམ་བར་གྱི་ཐུག་འཕྲད་ཆེད་ཡིན།”ཞེས་པ་དེ་རེད། ངས་བར་སྐོར་སྲང་ལམ་གྱི་ཅ་དངོས་སྣ་ཚོགས་ཁྲོད་ནས་ཆེད་དུ་ལག་རྟགས་འདི་ཁྱོད་ལ་འདེམས་དོན་ནི་འདིའི་ཐོག་གི་ཡིག་འབྲུ་དེ་དག་གིས་ངའི་ནང་སེམས་ཀྱི་སྐད་ཆ་དེ་ཤོད་ཐུབ་པས་ཡིན།

C

ཁྱོད་དང་མཇལ་བས་ལྷ་ས་དག་ཞིང་དུ་སྣང་བའི་ཚོར་འདུ་ནི་སྔར་ལས་ཀྱང་ཤུགས་ཆེ་རུ་སོང་། མཛེས་སྡུག་གི་ཉི་མ་ལྷ་ས་ནི་འུ་གཉིས་ཀྱིས་ཡུན་རིང་ཁོག་ཏུ་སྦས་པའི་སྙིང་གཏམ་གློད་སའི་སེམས་ཀྱི་དག་ཞིང་དེ་རེད་བཞག ཟང་ཟིང་གི་འཚོ་བའི་ཁྲོད་ནས་འདི་འདྲའི་ལྷོད་ཆགས་ཀྱི་མཇལ་འཛོམས་ནི་ཅི་འདྲའི་དཀོན་ཨང་། བསམ་གཞིག་དང་ཕྱིར་དྲན་རེ་བྱེད་ཚེ་དངོས་གནས་དགའ་སྐྱོ་ཟུང་འབྲེལ་གྱིས་བསྐྱེད་པའི་མིག་ཆུ་ཐིགས་པ་རེ་རེ་ལྷ་སའི་སྐྱིད་ཆུའི་ནང་རོལ་དུ་འཐོར་སོང་།

D

ཁྱོད་ཀྱིས་ཉིན་ཤས་རྗེས་ནས་ཁྱོད་རང་ཕྱིར་ཕ་ཡུལ་དུ་ལོག་རྒྱུ་ཡིན་ཟེར་བའི་གཏམ་དེས་ངའི་སེམས་ཁམས་ལ་རྨ་ཁ་ཆེ་ཙམ་བཟོས་སོང་། འོན་ཀྱང་འདུས་ནས་འབྲལ་བ་ནི་ཆོས་ཉིད་ཡིན་པའི་གནས་ལུགས་དེ་སེམས་ལ་སྒོམ་བཞིན་རང་སེམས་རང་གིས་གསོས་པ་ཡིན། ལྟས་ཚོད་ལ་མི་འབྲལ་མཉམ་དུ་འགྲོགས་འདོད་ཀྱི་སེམས་ཚོར་ནི་འུ་གཉིས་ཀ་ལ་ཡོད་པའི་ཐུན་མོང་གི་ཚོར་བ་ཞིག་རེད་ཨང་། དེ་རིང་འུ་གཉིས་ལྷིང་འཇགས་ཀྱི་སྤང་ཁ་འདི་ནས་འདས་དོན་ལ་ཕྱིར་དྲན་བྱེད་བཞིན་རང་རང་གི་སེམས་ཚོར་གླེང་སྐབས་ཁྱོད་ཀྱི་མིག་ཀོང་ནི་མཆི་མས་ཡོངས་སུ་བསྒྲིབས་སོང་།མ་གཞི་ཁྱོད་ཀྱི་མིག་ཀོང་ན་འཁྱིལ་བའི་མཆི་རྡོག་རེ་རེ་ནི། ཁྱོད་ཀྱིས་ནང་སེམས་ཀྱི་སྐད་ཆ་མཐའ་དག་ང་ལ་བཤད་པའི་གོ་རིམ་རེ་རེ་ཡིན་ངེས་ཨང་།

E

དེ་རིང་ནི་ཏག་ཏག་ཁྱོད་རང་ཕྱིར་ཕ་ཡུལ་དུ་ལོག་པའི་ཉི་མ་དེ་རེད། ཁ་རྩང་ངས་ཆེད་དུ་འདེམས་པའི་སྒེའུ་ཁུང་ལས་ཕོ་བྲང་མཐོང་སའི་ཇ་ཁང་དེ་ནི་འུ་གཉིས་ཀྱི་ཐུག་འཕྲད་གསུམ་པའི་ཕྱིར་དྲན་དང་བག་ཆགས་འཇོག་སའི་ས་གནས་ཡག་ཤོས་དེ་ཆགས་སོང་། དེ་རིང་ཞོགས་པར་ལྷ་སའི་སྲང་ལམ་དག་ལས་སྔར་བཞིན་བྲེལ་འཚུབ་ཆེ་བའི་མི་ཁ་ཤས་རྐང་ཐང་ངང་ཡར་མར་རྒྱུག་བཞིན་འདུག་ལ་གླ་གཏོང་རླངས་འཁོར་དང་གློག་སྒུལ་འཕྲུལ་རྟ་དག་ཀྱང་དེ་དང་འདྲ་བར་བྲེལ་འཚུབ་ཀྱིས་འདུར་བཞིན་འདུག མངོན་ཆུང་གི་ང་ལ་མཚོན་ན་ཞོགས་པ་འདི་ནི་ཅུང་བག་ཚ་ཞིང་དང་ལེན་དཀའ་བ་ཞིག་ཡིན་པ་ནི་སྨོས་མེད་རེད། འུ་གཉིས་རླངས་འཁོར་ལ་བསྡད་དེ་ལྷ་སའི་གངས་དཀར་གནམ་ཐང་དུ་སྐྱེལ་མ་བྱེད་པའི་ལམ་བར་ནས་བདག་ལ་སེམས་ཚོར་བྱུང་བ་ནི་འདི་ལྟར་ཏེ། སྔོན་ཆོད་ངས་ལྷ་ས་ནས་གུང་དཀར་གནམ་ཐང་བར་དུ་ལམ་ཐག་ཅུང་རིང་སྣང་སྐྱེས་མྱོང་ལ་དེ་རིང་ནི་དེ་ལས་ལྡོག་སྟེ་རང་ཉིད་ཁེར་རྐྱང་ངང་རྩེ་སྐོར་ལན་གཅིག་རྒྱག་པའི་དུས་ཡུན་ལས་ཀྱང་ཐུང་སྣང་སྐྱེས་བྱུང་། སྙིང་ཉེ་ལགས། མཁའ་ལམ་ཡང་བར་སྨོན།

སླད་མར་ཁྱེད་ཉིད་བདེ་སྐྱིད་ལྡན་པ་དང་དུས་ཐུན་ནང་ནས་སླར་ཡང་མཇལ་བའི་སྨོན་འདུན་དང་བཅས་མགར་གློག་མིག་གིས་དབུས་ཉི་མ་ལྷ་ས་ནས་ཕུལ་བ་ལགས་སོ། །



  • ལེ་ཚན་སྔོན་མ།:འདར་ལྕུག་ལྕུག་གི་སེམས་པ།
  • ལེ་ཚན་རྗེས་མ།:ཆང་ཕོར་ནང་གི་དྲན་སྣང་ལྡབ་ལྡིབ།