མ་དངུལ་བསྡོམས་འབོར་སྒོར་ཁྲི4865བཏང་བའི་སི་ཁྲོན་བོད་འབྲེལ་ས་ཁུལ་གྱི་གྲོང་ཁུལ་བསྣོལ་ཟམ་དང་པོ་དཀར་མཛེས་རྫོང་དུ་དངོས་སུ་བསྐྲུན་མགོ་ཚུགས།

ལྷ་འཛོམས་ཀྱིས་བྲིས།        2021-04-07

སྤྱི་ཟླ3པའི་ཚེས28ཉིན་གྱི་སྔ་དྲོར་དཀར་མཛེས་རྫོང་གི་ཐང་ཆེན་རྙིང་པར་མི་ཚོགས་ཀྱི་གང་ནས་འཁྲུག་ཆ་ཧ་ཅང་དོད་པོ་ཡོད། དེ་ནས་ལས་མགོ་ཚུགས་པའི་བཀོད་སྒྲ་དང་བསྟུན་ནས་ལས་གྲྭའི་འཕྲུལ་ཆས་སྣ་ཚོགས་སྐད་སྒྲ་གྲགས་པ་ནས་གྲོང་ཁུལ་གྱི་བསྣོལ་ཟམ་དང་དཀར་མཛེས་རྫོང་སློབ་འབྲིང་གཉིས་པ་སོགས་ལས་གྲྭ72ཚུད་པའི་དཀར་མཛེས་རྫོང་གི2021ལོའི་དུས་ཚིགས་དང་པོའི་ལས་གཞི་གལ་ཆེན་དངོས་སུ་ལས་མགོ་ཚུགས་པ་མཚོན་ཡོད་པ་རེད།

དཀར་མཛེས་རྫོང་གི་ལས་བྱེད་པ་དང་མང་ཚོགས་ཀྱིས་དོ་ཁུར་ཆེ་ཤོས་བྱེད་པའི་ལས་གཞིའི་ཡ་གྱལ་ཞིག་ཡིན་པའི་གྲོང་ཁུལ་གྱི་བསྣོལ་ཟམ་ལས་གཞི་དེ་གནམ་གྲུ་ཐང་གི་ལམ་ཆེན་དང་ཤར་གྱི་ཁྲོམ་གཞུང་བསྣོལ་མར་གནས་པ་དང་མཇུག་གནས་ནི་ཆིང་ཧོ་ཁྲོམ་ལམ་གྱི་ད་ལྟའི་རྣམ་པར་གནས་ཡོད་པའི་ལམ་མདོ་ཁ་རེད། ལས་གྲྭའི་ནང་དོན་དུ་གཞུང་ལམ་ལས་གྲྭ་དང་།ཟམ་པ།ཆུ་མཁོ་འདོན་དང་ཆུ་འབུད་ལས་གྲྭ གློག་སྒྲོན་ལས་གྲྭ འགྲིམ་འགྲུལ་ཉེད་མེད་ལས་གྲྭ་བཅས་ཚུད་ཡོད་པ་རེད། ལས་གཞི་དེའི་འགན་འཁུར་བས“དཀར་མཛེས་རྫོང་གི་གྲོང་ཁུལ་བསྣོལ་ཟམ་ལས་གཞིའི་ལམ་ཐིག་གཙོ་བོའི་སྤྱིའི་རིང་ཚད་ལ་སྨི463.848ཡོད་པ་དང་ཁྱོན་མ་དངུལ་སྒོར་ཁྲི4865བཏང་ཡོད། ལས་གཞི་འདི་ནི་ད་ཡོད་ཀྱི་ས་ཆའི་བར་མཐོངས་བེད་སྤྱོད་ནུས་ལྡན་བྱས་ཡོད་པ་དང་དཀར་མཛེས་རྫོང་གི་མ་ལམ་གྱི་འགྲིམ་འགྲུལ་གནོན་ཤུགས་ལྷོད་དུ་བཏང་བས། དཀར་མཛེས་རྫོང་ལ་མཚོན་བྱེད་རང་བཞིན་གྱི་སྐྲུན་དངོས་ཤིག་མང་དུ་ཕྱིན་པར་མ་ཟད། སི་ཁྲོན་བོད་རིགས་ས་ཁུལ་དང་འབྲེལ་བ་ཡོད་པའི་གྲོང་ཁུལ་དུ་བསྣོལ་ཟམ་མེད་པའི་སྟོང་ཆ་དེ་བས་གསབ་ཡོད”ཅེས་ངོ་སྤྲོད་བྱས་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་གཅིག་སྡུད་ཐོག་ལས་འགོ་ཚུགས་པའི་ལས་གཞི72ནང་སྤྱི་ཚོགས་ཀྱི་བྱ་གཞག་དང་། རྨང་གཞིའི་སྒྲིག་བཀོད། ཐོན་ལས་འཕེལ་རྒྱས་སོགས་གཙོ་གནད་ཁྱབ་ཁོངས་མང་པོ་ཚུད་ཡོད་པ་དང་ལས་གཞིར་ཁྱོན་མ་དངུལ་སྒོར་དུང་ཕྱུར10.04བཏང་ཡོད་པ་རེད།།


  • ལེ་ཚན་སྔོན་མ།: “དུར་མཆོད”གུང་གསེང་རིང་རང་ཁུལ་དུ་ཡུལ་སྐོར་བྱེད་མཁན་མང་དུ་ཕྱིན།
  • ལེ་ཚན་རྗེས་མ།:རང་ཁུལ་གྱི་ས་གནས་ཁག་གིས་ནགས་ཚལ་དང་རྩྭ་ཐང་ཉེན་མེད་འགོག་ཟོན་ནན་པོ་བྱས།
  • དོ་སྣང་ཆེ་བའི་རྩོམ།