ཨ་མ། སྐྱེ་བ་ཕྱི་མར་ཡང་ང་ཁྱོད་ཀྱི་ བུ་རུ་སྐྱེ་ཆོག་པར་ཞུ།

གཟབ་ཉན་པ།        2021-04-06

ཨ་མ། ངའི་འཇིག་རྟེན་འདིའི་ཐོག་མའི་དྲན་ཤེས་ཀྱི་སྒོ་མོར་འཇུས་པའི་བྱམས་སེམས་དཀར་བོ། ང་རང་། ཁྱོད་ཀྱི་ཡིག་དྲུག་གི་དབྱངས་རྟའི་བྱིན་རླབས་ཀྱི་ཚན་ཁ་ན་འབར་བས། འཇིགས་པ་དང་བར་ཆད་མེད། ཨ་མ། ང་རང་ཁྱོད་ཀྱི་བྱམས་སེམས་དང་བརྩེ་བའི་ཆུ་མོའི་བཞུར་དབྱངས་དང་བསྡེབས་ནས། བྱ་ཁྱུ་བཞིན་མཐའ་ཡས་པའི་རྩྭ་ཐང་ལ་འཕུར། འཕུར་སྟངས་འདི་ལ། བསླུ་བྲིད་དང་རྫུ་བག་མེད་ལ། མུན་པ་དང་འཆར་ཡན་མེད། ཨ་མ། ང་ཡི་སྙིང་ཉེ་བའི་རྗེ་བཙུན་སྒྲོལ་མ་ལགས། ཁྱོད་ཀྱིས་ང་ཡི་སྙིང་ཆུང་གི་རི་རྩེ་ནས། བྱམས་སེམས་ཀྱིས་བསླུས་པའི་སྒྲོན་མེ་ཅི་ཙམ་ཞིག་སྦར་ནས་ང་ལ་བལྟས་ཡོད། ཁྱོད་ཀྱིས་ང་ཡི་མིག་ཆུ་དང་སྐྱོ་སྡུག་སྔ་རོལ་ནས་རང་གི་བྲང་ཁོག་ལ་བརྩེ་བའི་ཆར་སིལ་གྱིས་འཁྲིད་ཀྱིན་འདུག

ཨ་མ། ལོ་ཟླ་དང་མི་ཚེ་ཚོན་མདོག་ཡལ་བའི་ལོ་མ་ཞིག་དང་འདྲ་བར། དུས་ཚོད་ཀྱི་སྣེ་ན་འདར་གྱིན་འདུག འོན་ཀྱང་། ཁྱོད་ཀྱི་བྱམས་སེམས་དང་བརྩེ་བ་ལོ་ངོ་སྟོང་གི་རྡོ་བ་བཞིན་འགྱུར་མེད་ཀྱིས་འགྲེང་འདུག ཨ་མ། མི་ལོ་དྲུག་ཅུའི་ལོ་ཟླའི་ཚེམས་འཕྲེང་གི་བར་གསེབ་ན། ཁྱོད་ཀྱིས་སུ་ཞིག་གི་འཚོ་བའི་སྐྱིད་སྡུག་ལ་སེམས་ཁུར་བྱས་ཡོད།ཁྱོད་ཀྱིས་སུ་ཞིག་གི་མི་ཚེའི་ལམ་ཕྱོགས་ལ་རྒྱང་ལྟ་བྱས་ཡོད། ཨ་མ། ཉི་ཟླའི་འཁོར་བསྐྱོད་ཀྱི་ལོ་ཟླའི་དབུས་ན། ཁྱོད་ཀྱི་མི་ཚེ་དང་ལང་ཚོ་ང་ཚོས་དོན་དུ་རྒས་ཤིང་གཉེར་ལ་བབས་དུས། ང་ཡི་སེམས་ཀྱི་རི་རྩེ་ཡི་ཟླ་བ་འཁྱག་སིབ་སིབ་ཏུ་མངོན་ཡོང་།

ཨ་མ། ཁྱོད་ཀྱི་བརྩེ་བ་དང་བྱམས་སེམས་ལ་བསླུ་བྲིད་དང་རྫུ་བག་མེད་པའི་ང་ཡིས་ཁྱོད་ཀྱི་བརྩེ་བ་ལ་ཚད་མེད་པ་རྟོགས། དེ་བས། ང་རང་སྐྱེ་བ་ཕྱི་མར་ཡང་ཨ་མ་ཁྱོད་ཀྱི་བུ་རུ་སྐྱེ་ཆོག་པར་ཞུ།

  • ལེ་ཚན་སྔོན་མ།:འཇའ་ཚོན་ལྟར་ཡལ་བའི་ང་ཚོ།
  • ལེ་ཚན་རྗེས་མ།:འདར་ལྕུག་ལྕུག་གི་སེམས་པ།