ཙོང་ཁའི་ཉི་མ་སེར་པོ།

​སྤྲེལ་རྫོང་བསྟན་རྒྱས།        2021-04-02

རྣམ་དཔྱོད་ཤེས་རབ་རྩལ་གྱིས་ས་གསུམ་གཡོ།།

ལེགས་བཤད་གསུང་གི་བདུད་རྩིའི་རྒྱ་མཚོ་འཁྱིལ།།

གྲགས་པའི་བ་དན་དཀར་བོ་མཁའ་རུ་འཕྱོ།།

ཁམས་གསུམ་འགྲོ་བའི་བླ་མ་གཙུག་ན་རྒྱལ།།

དྭངས་གསལ་རི་བོའི་ཕྱོགས་ནས་བྱོན་པ་ཡི།།

གླེགས་བམ་ཁུར་བའི་དགེ་སློང་ངོ་མཚར་ཅན།།

ཡབ་ཀྱིས་ཁྱིམ་དུ་བསུས་པའི་མཚན་ལམ་འདི།།

འཇམ་དཔལ་དབྱངས་ཀྱི་སྤྲུལ་པ་འཁྲུངས་པའི་རྟགས།།

ཡབ་ཡུམ་ཟུང་གི་མཚན་གྱི་རྨི་བལྟོས་ལ།།

ལྟས་བཟང་སྣ་ཚོགས་འཁོར་བའི་རྟེན་འབྲེལ་ལས།།

རིགས་གསུམ་མགོན་པོའི་རྣམ་པར་སྤྲུལ་པ་མཆོག།

མལ་གྱི་རུས་སུ་འཁྲུངས་བའི་རྟགས་མཚན་བསྟན།།

བགྲང་བྱ་མེ་བྱའི་སྨིན་དྲུག་ཟླ་བ་ཡི།།

ཚེས་གྲངས་བཅུ་ཡི་ཉིན་མོའི་ཐོ་རེངས་ལ།།

རྟགས་མཚན་འབུམ་གྱི་མེ་ཏོག་ཆར་བའི་ཀློང་།།

ཙོང་ཁའི་ཉི་མ་སེར་པོ་གླིང་འདིར་ཤར།།

ངོ་མཚར་ལྟས་བཟང་སྟོང་གི་ཀློང་ཡངས་སུ།།

སྐུ་གཞོན་ལང་ཚོ་འཁྲུངས་པའི་རྗེས་ཤུལ་ན།།

རང་བྱོན་ཙན་དན་ལོ་མ་འབུམ་དབུས་ལ།།

རྒྱལ་མཆོག་སེང་གེ་ང་རོའི་སྐུ་གཟིགས་ཤར།།

ཤར་ཕྱོགས་རིག་པའི་དཔའ་བོའི་སྐུས་བཀོད་ལས།།

དབུས་ལྡན་ཆོས་ཀྱི་ཞིང་ལ་ཞབས་བཀོད་བཅག།

མདོ་སྔགས་གཞུང་བརྒྱ་མ་ལུས་ཐུགས་སུ་ཆུད།།

སྙན་པའི་གྲགས་པ་སྲིད་པ་གསུམ་ལ་འབར།།

འཇམ་དཔལ་དབྱངས་དངོས་སྤྲུལ་པའི་བླ་མ་སྟེ།།

དགེ་ལྡན་ལུགས་ཀྱི་ཤིང་རྟའི་སྲོལ་འབྱེད་པའི།།

མཛད་ཆེན་བཞི་ཡི་འཕྲིན་ལས་འོད་སྟོང་མཆོག།

འཛམ་གླིང་མཛེས་པར་བྱེད་པའི་རྒྱན་གཅིག་ཡིན།།

རབ་འབྱམས་གཞུང་ལུགས་རྒྱ་མཚོ་ཟླ་མེད་པའི།།

ཞྭ་སེར་བསྟན་པའི་བྱེད་པོ་ཙོང་ཁ་པའི།།

མཛད་འཕྲིན་གསེར་གྱི་འཁོར་ལོའི་འོད་སྣང་གིས།།

སྟོང་གསུམ་ཁམས་ལ་སྣང་བ་འབུམ་གྱིས་ཁྱབ།།

མདོ་སྔགས་ཟབ་དོན་གཞུང་བརྒྱའི་བདུད་རྩིའི་བཅུད།།

གཅིག་ཏུ་བསྡུས་ནས་གླེགས་བམ་མཛད་མཁས་པའི།།

རྒྱལ་བ་གཉིས་པ་བློ་བཟང་གྲགས་པའི་དཔལ།།

སྒོ་གསུམ་གུས་པ་ཆེན་པོས་ཕྱག་འཚལ་ལོ།།

ཕྱོགས་གླང་ཡབ་སྲས་རིག་པའི་གཞུང་ལུགས་ལ།།

ལན་གཅིག་མ་ཡིན་བརྩོན་པ་ཆེན་པོ་ཡིས།།

ཡང་ནས་ཡང་དུ་སྦྱངས་པ་མཐར་ཕྱིན་པའི།།

ཟླ་མེད་བླ་མ་མཆོག་ལ་ཕྱག་འཚལ་ལོ།།

རྒྱལ་བའི་ཐེག་པ་ཀུན་གྱི་མཆོག་གྱུར་པའི།།

མཆོག་དང་ཐུན་མོང་དངོས་གྲུབ་གཏེར་ཆེན་ཏེ།།

གསང་བ་སྔགས་ཀྱི་ཐེག་མཆོག་ཟབ་མོ་ལ།།

ཞུགས་ནས་འབད་པ་སྟོང་གིས་རིང་དུ་སྦྱངས།།

བློ་ཡི་རྨོངས་མུན་ཚོགས་ཀུན་འཇོམས་པ་དང་།།

གཞུང་ལུགས་ཉམས་ལེན་གདམས་པར་འཆར་བའི་ཕྱིར།།

གཡོ་མེད་དད་པས་ཟུར་ཕུད་ལྔ་བ་བརྟེན།།

བསགས་སྦྱངས་རྒྱུ་ཚོགས་ཀུན་ལ་རབ་ཏུ་འབད།།

རིས་མེད་བླ་མ་བཅུ་ཕྲག་བཞི་ཡི་གྲངས།།

དད་པའི་གཙུག་ཏུ་བཀུར་ནས་གཞུང་ལུགས་ཀུན།།

ལེགས་པར་བསླབ་པའི་བླ་མ་ཙོང་ཁ་པ།།

ཡངས་པའི་རྒྱལ་ཁམས་ཀུན་ན་སྙན་གྲགས་འབར།།

མདོ་སྔགས་གཞུང་ལུགས་ལེགས་བཤད་རྒྱུ་སྐར་གྲངས།།

གསལ་བོར་མཛད་པའི་སྐྱེས་བུ་རླབས་པོ་ཆེ།།

བསྟན་དང་འགྲོ་བའི་མགོན་པོ་ཙོང་ཁ་བས།།

ནམ་ཡང་འབྲལ་མེད་རྗེས་སུ་འཛིན་གྱུར་ཅིག།

རྩོམ་སྒྲིག་པ། མགར་རྒྱལ་སྲས།

  • ལེ་ཚན་སྔོན་མ།:དཔྱིད་ལ་དཀྲོལ་བའི་མགུར།
  • ལེ་ཚན་རྗེས་མ།:རང་ཉིད་ལ་བལྟས་པ།