འཇའ་ཚོན་ལྟར་ཡལ་བའི་ང་ཚོ།

ཀུན་མཁྱེན་གྲགས་པ།        2021-04-02

     ཟླ་དྲུག་པའི་མཐར་ཕྱིན་དགོང་ཚོགས་ནས་ལོ་ཟླས་བསྙལ་བའི་རོ་དྲུག་གི་ཚོར་བའི་གཏམ་རྒྱུད་དག་ཁ་བརྡའི་ཨ་ལོང་དུ་བརྒྱུས་ནས་མྱོས་ཤིང་། གྱེས་བྲལ་གྱི་མིག་ཆུ་ཁྲོམ་ཁྲོམ་དུ་དབྱུང་ལ།མ་ཐུག་ན་མི་ལྡོག་པའི་ལྷན་འཛོམས་གྱི་ཁ་ཆད་བཞག་ནས་ཏག་ཏག་ཟླ་ངོ་དགུ་ལྷག་སྟོང་ལ་ཉེ། འོན་ཏང་ང་ཚོ་སྟེ།ངའི་ནང་སེམས་ཀྱི་འཕེན་པ་དྲག་པོ་ཞིག་གིས་འཆར་ཡན་གྱི་མིང་བྱང་འདི་སྦྲན་ཞིང་། ངས་གཞར་ཡང་དྲན་གྱིན་པའི་རྟག་བརྟན་ཐེར་ཟུག་གི་ཚོགས་ནི་དངོས་གནས་སྲན་ཕུང་ལྟར་ཐོར་བ་འདྲ།བྱེའུ་ཆུང་བཞིན་འཕུར་བ་འདྲ།འཇའ་ཚོན་བཞིན་ཡལ་བ་འདྲ།

     ཉེ་ཆར་འཇུ་སྐལ་བཟང་ལགས་ཀྱི་གླུ་ཚིག་ཅིག་ཏུ"ཡུལ་མཐའ་མེད་འཇིག་རྟེན་སྣང་བ་རེད།། སེམས་བདག་མེད་མདའ་མོ་འཐེབ་ཤོར་རེད།། མདའ་ཤར་ལ་འཁོར་དང་ནུབ་ལ་ཕྱོགས།། བཤད་དཀའ་ཡི་བཤད་རུང་ཐུག་དཀའ་ཡི།།" ཟེར་བ་ལྟར་ད་ཚོད་རང་ཉིད་ཀྱང་ཏན་ཏན་རང་དབང་དང་གྱེས་པའི་ཚོར་བ་ཞིག་གིས་མནར་བྱུང་། རེད་ཡ། ངས་ཁོམ་ལོང་གི་སྐབས་སུ་ཕྱིར་དྲན་གྱི་མེ་རོ་གསོས་པ་ཡིན། འདི་ནས་ཡར་ལ་བརྩིས་པའི་ལོ་གསུམ་གྱི་སྔ་རོལ་ཏུ་འུ་ཅག་གིས་སློབ་ཁང་གཅིག་ནས་ཤེས་རིག་གི་ཐང་ཆེན་དུ་སྦྱངས་བརྩོན་གྱི་གོ་ཆ་ལུས་ལ་བགོས་ཤིང་། རྩེད་ར་གཅིག་ཏུ་མཛའ་གཅུགས་ཀྱི་ལག་རྡང་སྦྲེལ་མྱོང་བ་དྲན་ནམ།ངས་ནམ་ཞར་དྲན་གྱིན་ཡོད།ལྷག་ཏུ་མཐོ་འབྲིང་གི་སྒོ་ཐེམ་འགྲིམ་པའི་ཉིན་དེ་དག་གི་རིང་ལ་མཚན་མོའི་རྨི་ལམ་དུའང་ང་ཚོ"ཁ་ཞག་གྱི་ལེ་དང་།ཁུ་ཞག་ལྡེམ་མེར"ཡོད་པའི་སྣང་བརྙན་གསོན་པོ་མང་བོ་རྨིས་འོང་།"སྐར་མ་ཞྭ་དང་། བ་མོ་ལྷམ"དུ་གྱོན་མྱོང་བའི་ལོ་ཟླ་དེ་དག་ནི་དངོས་གནས་བརྗེད་ཐབས་མི་འདུག ལུང་བ་ཕུ་རུང་འདྲོང་འདྲོང་དང་།ལམ་བུ་གྲུ་གུ་སྒྲིལ་སྒྲིལ།ཉག་ཁ་ཕྲེང་རྡོག་བགྲང་བགྲང་བྱས་ནས་འོང་བའི་ང་ཚོའི་སྙིང་སྟོབས་དེའང་འདི་ལྟར་ཚར་བ་རེད་དམ།འཛིན་བདག་བྱམས་བརྩེ་ཅན་གྱིས་གནང་བའི་ཁ་ཏ་སློབ་གསོ་དང་།དགེ་རྒན་ཡོས་ནཱས་གཙོས་པའི་ཁོང་ཅག་གི་ཁོང་ཁྲོའི་ཉམས་དང་།གཅེས་པའི་འཛུམ་མདངས།བཙན་པའི་བཀའ་ཁྲིམས།གཟབ་ནན་གྱི་བཟོ་ལྟ།གཞན་དོན་ལྷུར་ལེན་གྱིས་སློབ་མ་བུ་བཞིན་སྐྱོང་བའི་མཛད་པ་དག་ནི་ད་དུང་ངས་དྲན་བཞིན་ཡོད།མནོ་བསམ་ཡང་བྱེད་ཀྱིན་ཡོད།གང་ལྟར་ངས་འདི་དག་ཁས་ལེན་ཐུབ་ཀྱི་མི་འདུག ང་ཚོ་སྲན་ཕུང་ལྟར་ཐོར་བའི་དོན་དངོས་འདི་དང་ལེན་བྱེད་དཀའ། དེ་བས་མཚམས་རེར་རང་ཉིད་ཀྱི་ཨུ་ཚུགས་ལ་བགད་མོ་ཡང་དབང་མེད་དུ་ཤོར་འགྲོ་བའི་ཚོད་ཀྱང་མང་དུ་གདའ།

     ན་ཟླ་ཚོ།འདུ་བྲལ་ནི་འཇིག་རྟེན་གྱི་ཆོས་ཉིད་ཨ་འཐས་པ་ཞིག་ཡིན་པ་སུས་ཀྱང་བསྙོན་དུ་མེད་མོད།བྱོལ་སོང་བྱ་བྱེའུ་རྣམས་ཚང་ནས་བྲལ་བའི་མི་སྡུག་པའི་ལས་ཚ་བེར་སློང་བ་ཞིག་ནི་སྐྱོངདགོས་དོན་ཨེ་ཡོད་སྙམ།ང་ཚོ་ནི་སྨྲ་ཤེས་ཤིང་དོན་གོ་བའི་འགྲོ་བ་མིའི་མཚན་ཉིད་འཛིན་པ།ལྷག་ཏུ་ལས་འབྲས་བརྩི་ཞིང་ཕྱི་ཐག་རིང་བའི་བོད་པ།སྒོས་སུ་སློབ་གཉེར་བའི་མིང་ཆེན་ཞིག་འཁུར་བའི་ན་གཞོན་ཤེས་ཡོན་པའི་སྡེ་ལ་མི་ཆགས་རང་ཆགས་རེད།ཡང་དེའི་དོན་གོ་ཆོད་པ་ཞིག་འཁྱོང་ཡོད་མེད་ནི་འཕྱང་མོ་ཉུག གང་ལྟར་ང་ཚོ་ནི་གཞི་ནས་འདི་ལྟར་བྱེའུ་ཆུང་ཚང་ནས་འཕུར་བ་ལྟ་བུའི་སྐྱོ་གར་ཞིག་ལས་ཐར་ཐུབ་ཀྱིན་མེད་པ་འདྲ།ང་ཚོ་ཕྱོགས་བཞི་མཚམས་བརྒྱད་ནས་འདུས་ཤིང་སླར་ཡང་ཡུལ་དུས་ག་ཤེད་ཅིག་ལ་ཆས་དགོས་པ་ངས་ཀྱང་ཤེས་ཡོད།ངས་ལན་རེར་ཁྱོད་ཅག་ལ་ཁ་བརྡ་གློད་ཅིང་གནས་ཚུལ་དྲིས་པ་ཡིན།ལ་ལར་འབྲེལ་བ་ཆད་འདུག ལ་ལར་འབྲེལ་ལམ་ཙམ་མཆིས།ད་ནི་ལ་ལས་སྔར་བཞིན་མཐོ་འབྲིང་འགྲིམ་པ།ལ་ལས་ལག་རྩལ་སློབ་གླིང་ན་ཉི་མ་གཏོང་བ།ལ་ལ་སྤྱི་ཚོགས་ཀྱི་སྒང་ལ་ཞུགས་ཟིན་པ།ལ་ལས་ཕ་ཡུལ་ན་ནོར་ལུག་གི་རྗེས་སྙེག་བཞིན་དུས་འདའ་བ།ལ་ལས་འཁོར་བའང་བསྐྱངས་ཟིན་པ་ཐོས།དེ་ནི་ང་ཚོས་ཟློག་པར་དཀའ་བའི་ལས་དབང་གི་ནུས་མཐུ་ཐུ་བོ་ཞིག་ཡིན་པ་ང་ཚོས་ཚོར་འོང་།འོན་ཀྱང་ང་ཚོར་ཏབ་ཅིག་ལ་འཛོམས་ནས་ཇ་ཁ་ཆང་ཁ་ཙམ་བྱེད་པའི་ཁོམ་ལོང་ཡང་མེད་དམ།དེའི་འདུན་པ་ཡང་མེད་དམ།ཡང་ན་འཕྲིན་ཚོམས་ནས་ཇ་ཡུན་ཙམ་ལ་ཞེ་བསམ་པས་ཁ་བརྡ་གླེང་མོལ་ཙམ་བྱེད་པའི་དུས་ཚོད་ཀྱང་མེད་དམ།དེ་ནི་མིན་ཏེ་འོ་ན་ང་ཚོས་གྲོགས་ཚོམས་སུ་སེམས་ཁམས་ཀྱི་དབྱངས་རྟ་འགོད་པ་དང་།ཁའེ་ཧྲིག་གི་ནང་ལོགས་སུ་པར་རིས་ཅི་རིགས་འཕེན་པའི་དུས་ཚོད་ལྷག་མ་འདི་དག་ནི་གང་ནས་ཡོང་བ་ཡིན་ནམ།རང་ཉིད་ཀྱང་གྱ་ཚོམ་ཞིག་གིས་ཁྲིད་འགྲོ་ཨང་།ང་ཚོའི་འཕྲིན་ཚོམས་ནི་ནམ་རྒྱུན་ཁུ་སིམ་མེར།དབེན་ཐང་ངེར་སུས་སུ་ལ་སྒུག་ཡོད་པའི་ཉམས་ཤིག་ཀྱང་ངང་ངམ་ཤུགས་ཀྱིས་སྤྲད་ཡོང་།མཐོ་འབྲིང་གཅིག་ལ་རྒྱུགས་འཕྲོད་པའི་སློབ་གྲོགས་ཚོ་ཡང་འདུ་འཛོམས་ནི་ཕར་ཞོག་འཕྲད་དུས་མིག་བརྡ་ལག་བརྡ་ཙམ་ཡང་མེད་པའི་ངང་ཚུལ་འདི་སྐྱོ་བ།སྐུ་ཞབས་ཐེའུ་རང་ལགས་ཀྱིས་བརྩེ་དུང་གི་ཆག་འཇིག་ནི་ཕན་ཚུན་ཁ་བརྡ་ཆད་པ་ནས་དབུ་བརྙེས་སོ་ཟེར་བར་ཡང་གླགས་རྙེད་ཐུབ་བོ།།དུས་ཚོད་ཟེར་བ་འདི་ལ་ཐབས་ཤེས་རྩ་བ་ནས་མི་འདུག་སྟེ་ལོ་ཟླའི་ཧྲག་བར་ཞིག་ནས་ཤེས་མེད་ཚོར་མེད་ངང་བཞུར་འགྲོ"ཕྱིར་འཁོར་ནས་འདང་ཞིག་བརྒྱབ་ན།ནང་ལ་འཁོར་ནས་རྩིས་ཤིག་དེད་ན།"ང་ཚོས་གཞན་སུ་ལ་ཡང་ངན་ཁག་དཀྲི་ས་མེད་ལ།ཡོད་ཚད་ང་ཚོས་མ་འཇོན་མ་ནུས་པར་སོར་ལ་འཇགས་སོང་བ་ཅི་ལ་མིན།

     ངག་རྒྱུན་དུ་ཁྱི་རྟུག་ཅིག་གི་ཆ་ཤས་བཟས་ནས་ཡང་ཤས་དང་བཅས་པ་ལག་ལ་ཐོགས་ཤིང་།ཁྱི་ལ་ཞོན་ནས་སོང་ཚེ་འཇའ་ཚོན་གྱི་རྗེས་ཟིན་ཞིང་།ལྷའི་ཕོ་བྲང་གཞལ་ཡས་ཁང་དར་ཚོན་སྣ་ལྔས་གཡོགས་པ།ཟས་རང་གྲུབ་དང་གོས་རང་གྲུབ་ཡིན་པ་ཞིག་ཏུ་ཐོན་པར་བཤད།ལྷ་སྒྲུང་ནི་ང་ཚོ་དང་ཁ་ཐག་ཤིན་ཏུ་རིང་བས་གློག་བརྙན་ལྟ་བུ་རེད།དངོས་ཡོད་ཀྱི་འཚོ་བ་ནི་ད་གཟོད་ང་ཚོས་གདོང་གཏད་དགོས་སའི་གཤེད་མ་དེ་མ་ཡིན་ནམ།རེད་ཡ།དངོས་ཡོད་དང་ཕུགས་བསམ་ནི་རྣམ་ཀུན་འགལ་ཟླར་འགྱུར་འགྲོ་བའང་ང་ཚོས་ཆ་འཚལ་ངེས།"རེད་ཨང་།མི་ནི་ཅི་འདྲའི་དགོད་བྲོ་བའི་སྲོག་ཆགས་ཤིག་རེད་ཨང་།ཡོད་ཚད་རང་གི་འདུན་པ་དང་དགའ་མོས་ལྟར་འཆར་ཡན་བྱེད་ཅིང་།གལ་སྲིད་མངོན་སུམ་གང་ཞིག་རང་གིས་འཆར་ཡན་བྱས་པ་ལས་ཡོངས་སུ་བརྒལ་ཡོད་ན་རེ་ཆད་ཀྱི་རྣམ་འགྱུར་ཅི་ཡང་སྟོན་པར་བྱེད།"ད་ནི་ང་ཚོ་འདི་ལྟར་འཇའ་ཚོན་ལྟར་ཡལ་བར་ང་ལ་འཁང་ར་དང་ཡི་ཆད་སོགས་ཅི་ཡང་མེད་དོ།།ང་ཡི་རྟག་བརྟན་ཐེར་ཟུག་སྟེ།དགུ་གསུམ་འཛིན་གྲྭའི་སློབ་བུ་ཡོངས་ཁ་དྲོ་བཀྲ་ཤིས་བདེ་ལེགས།

རྩོམ་སྒྲིག་པ། མགར་རྒྱལ་སྲས།

  • ལེ་ཚན་སྔོན་མ།:རི་སྐྱེས་མེ་ཏོག
  • ལེ་ཚན་རྗེས་མ།:ཨ་མ། སྐྱེ་བ་ཕྱི་མར་ཡང་ང་ཁྱོད་ཀྱི་ བུ་རུ་སྐྱེ་ཆོག་པར་ཞུ།