ཧྲའན་ཞི་ཞིང་ཆེན་གྱིས་སློབ་གྲྭ་ཆུང་འབྲིང་གི་ངལ་རྩོལ་སློབ་གསོའི་སློབ་ཚན་གཟའ་འཁོར་རེར་སློབ་ཐུན་གཅིག་ལས་མི་ཉུང་བའི་གཏན་འབེབས་བྱས།

ཡེ་ཤེས་ཀྱིས་བསྒྱུར།        2021-04-01

ཞིན་ཧྭ་གསར་འགྱུར་ཁང་ཞི་ཨན་ནས་ཟླ་བ3ཚེས30ཉིན་གློག་འཕྲིན་འབྱོར་གསལ། ཉིན་ཤས་གོང་ཧྲའན་ཞི་ཞིང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས《དུས་རབས་གསར་པའི་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་གྱི་ངལ་རྩོལ་སློབ་གསོར་ཁྱོན་ཡོངས་ནས་ཤུགས་རྒྱག་རྒྱུའི་སྐོར་གྱི་བྱ་ཐབས་འགའ་ཞིག》པར་འགྲེམས་བྱས་ནས་ངལ་རྩོལ་སློབ་གསོའི་སློབ་ཚན་བཀོད་སྒྲིག་ལེགས་སུ་གཏང་རྒྱུ་དང་། ངལ་རྩོལ་སློབ་གསོའི་ངེས་པར་དུ་སྦྱང་དགོས་པའི་སློབ་ཚན་བཀོད་སྒྲིག་བྱ་རྒྱུ། ངལ་རྩོལ་སློབ་གསོར་བརྒྱུད་རིམ་ལྡན་པའི་ངང་ཤུགས་རྒྱག་རྒྱུ་བཅས་བྱས་པ་རེད། སློབ་གྲྭ་ཆུང་འབྲིང་གི་ངལ་རྩོལ་སློབ་གསོའི་སློབ་ཚན་གཟའ་འཁོར་རེར་སློབ་ཐུན་གཅིག་ལས་མི་ཉུང་བར་འཁྲིད་དགོས་པའི་གཏན་འབེབས་བྱས།

ཧྲའན་ཞི་ཞིང་ཆེན་ལས་རིགས་སློབ་གླིང་གིས་དངོས་སྦྱོང་སློབ་ཚན་རྟེན་གཞི་གཙོ་བོར་བྱས་ནས་ངལ་རྩོལ་སློབ་གསོ་སྤེལ་བ་དང་དེའི་ནང་ངལ་རྩོལ་སྙིང་སྟོབས་དང་། ངལ་རྩོལ་དཔེ་བཟང་གི་སྙིང་སྟོབས། ལག་ཤེས་པའི་སྙིང་སྟོབས་བཅས་ཀྱི་ཆེད་དོན་སློབ་གསོ་དེ་སློབ་ཐུན16ལས་མི་ཉུང་བ་བྱ་དགོས་ཞེས་བཏོན་པ་རེད། སྤྱིར་བཏང་གི་མཐོ་རིམ་སློབ་གྲྭས་ངལ་རྩོལ་སློབ་གསོར་བརྟེན་ས་གཙོ་བོ་ཡིན་པའི་སློབ་ཚན་ཁ་གསལ་བཟོ་དགོས་པ་དང་། དངོས་གཞིའི་ཚན་ཁག་གི་དུས་རིམ་དུ་སློབ་ཐུན32ལས་མི་ཉུང་བ་བྱ་དགོས། ངལ་རྩོལ་སློབ་གསོའི་ངེས་པར་དུ་སྦྱང་དགོས་པའི་སློབ་ཚན་ཕུད་དེ་མིན་གྱི་སློབ་ཚན་དེ་ངེས་པར་དུ་རིག་ཚན་དང་ཆེད་ལས་ཀྱི་ཁྱད་ཆོས་དང་ཟུང་འབྲེལ་བྱས་ནས་ངལ་རྩོལ་སློབ་གསོའི་ནང་དོན་དང་འཚམ་མཐུན་ཡོང་བ་བྱ་དགོས།

སློབ་གྲྭ་ཆུང་འབྲིང་གིས་རྒྱའི་སྐད་ཡིག་དང་། ལོ་རྒྱུས། བསམ་བློ་ཆབ་སྲིད་སོགས་ཀྱི་རིག་ཚན་ཁྲོད་ངལ་རྩོལ་འདུ་ཤེས་ཁྱབ་སྤེལ་བྱེད་པ་དང་།རྩིས་རིག་དང་། དངོས་ཁམས། རྫས་འགྱུར་རིག་པ། སྐྱེ་དངོས་སོགས་ཀྱི་རིག་ཚན་ཁྲོད་ལག་འགུལ་ལག་ལེན་ཇེ་མང་དུ་གཏང་དགོས། ལས་རིགས་སློབ་གླིང་གིས་སྤྱི་པའི་རྨང་གཞི་སློབ་ཚན་གྱི་སློབ་ཁྲིད་ཁྲོད་ངལ་རྩོལ་སློབ་གསོ་བཅུག་ནས་ཆེད་ལས་སློབ་ཚན་ཁྲོད་ལག་ཤེས་པའི་སྙིང་སྟོབས་འཕེལ་བ་བྱ་དགོས། སྤྱིར་བཏང་མཐོ་རིམ་སློབ་གྲྭས་ངལ་རྩོལ་སློབ་གསོ་དེ་ཆེད་ལས་སློབ་གསོ་དང་གསར་གཏོད་ལས་གཏོད་ཀྱི་སློབ་གསོའི་ནང་བཅུག་ནས་ཤེས་ལྡན་པ་གསོ་སྐྱོང་གི་ཇུས་གཞི་འཐུས་ཚང་དུ་གཏང་དགོས།

ས་ཁུལ་ཁག་དང་སློབ་གྲྭ་ཁག་གིས་ཧྲའན་ཞིའི་ཁྱད་ལྡན་རིག་གནས་ཁྲོད་ཀྱི་ངལ་རྩོལ་སློབ་གསོའི་ཐོན་ཁུངས་སྔོག་འདོན་གཏིང་ཟབ་བྱས་ནས་ངལ་རྩོལ་སློབ་གསོ་དེ་གསར་བརྗེའི་གཞི་རྒྱུ་རྒྱུན་འཛིན་དང་། འབྱུང་འཕྲོད་སྐྱེ་ཁམས་ཤེས་དཔལ། མཐོ་གསར་ཚན་རྩལ། དེང་རབས་ཞིང་ལས།རིག་གནས་བཅས་མཉམ་འདྲེས་གཏིང་ཟབ་བྱས་ནས་ཧྲའན་ཞིའི་ཁྱད་ཆོས་ལྡན་པའི་ངལ་རྩོལ་སློབ་གསོའི་སློབ་ཚན་གསར་སྤེལ་བྱ་རྒྱུར་ལྕག་སྐུལ་བྱ་རྒྱུ་རེད།

ཧྲའན་ཞི་ཡིས་ད་དུང་ངལ་རྩོལ་བྱང་ཚད་ལ་གདེང་འཇོག་བྱ་རྒྱུ་ཡིན་ཞིང་། ངལ་རྩོལ་བྱང་ཚད་དེ་སློབ་མའི་ཕྱོགས་བསྡུས་བྱང་ཚད་གདེང་འཇོག་མ་ལག་ནང་བཅུག་སྟེ་ངལ་རྩོལ་སློབ་གསོའི་དམིགས་ཚད་དང་ནང་དོན་བླང་བྱ་གཞི་འཛིན་སར་བྱས་ནས་ངལ་རྩོལ་ལག་ལེན་རིགས་དང་།ཐེངས་གྲངས། དུས་ཚོད་སོགས་ཀྱི་དཔྱད་ཞིབ་བླང་བྱ་ཁ་གསལ་བཟོ་བ་དང་བརྒྱུད་རིམ་ཅན་གྱི་གདེང་འཇོག་དང་མཇུག་འབྲས་རང་བཞིན་གྱི་གདེང་འཇོག་ཟུང་འབྲེལ་བྱས་ནས་སློབ་མའི་ངལ་རྩོལ་བྱང་ཚད་གདེང་འཇོག་ཚད་གཞི་དང་། གོ་རིམ། བྱ་ཐབས་བཅས་འཐུས་སྒོ་ཚང་དུ་བཏང་ཡོད།

ངལ་རྩོལ་སློབ་གསོའི་སློབ་ཚན་དང་ལག་ལེན་བྱེད་སྒོ་སྤེལ་ཚུལ་དེ་སློབ་མའི་ཕྱོགས་བསྡུས་བྱང་ཚད་གདེང་འཇོག་གི་ནང་དོན་གལ་ཆེན་དུ་བརྩིས་ནས་སློབ་མའི་ཕྱོགས་བསྡུས་བྱང་ཚད་ཡིག་ཚགས་དང་འཚར་ལོངས་ཡིག་ཚགས་ནང་བཙུད་ཡོད། ངལ་རྩོལ་བྱང་ཚད་གདེང་འཇོག་བྱས་འབྲས་དེ་སློབ་མ་ཕྱོགས་ཡོངས་ནས་འཕེལ་རྒྱས་འགྲོ་ཚུལ་ལ་བསྡུར་ཞིབ་བྱེད་པའི་ནང་དོན་གལ་ཆེན་ཞིག་ཏུ་བརྩི་བ་དང་། ཕུལ་བྱུང་དཔྱད་འདེམས་བྱེད་པའི་དཔྱད་གཞི་གལ་ཆེན་དང་སློབ་ཐོན་གྱི་གཞི་འཛིན་ས་ཞིག་ཏུ་བརྩི་ཞིང་། རིམ་པ་མཐོ་བའི་སློབ་གྲྭས་བསྡུ་ལེན་བྱེད་པའི་དཔྱད་གཞི་གལ་ཆེན་དང་གཞི་འཛིན་ས་གལ་ཆེན་ཞིག་ཏུ་བརྩིས་པ་རེད།།



  • ལེ་ཚན་སྔོན་མ།:ཏང་གི་ལོ་རྒྱུས་སློབ་སྦྱོང་དང་སློབ་གསོའི་དྲ་བ་བཙུགས།
  • ལེ་ཚན་རྗེས་མ།: ས་ཞིང་གཏན་ནས་མི་འདེབས་པའི་ཞིང་པས་ད་ལྟ་ཞིང་འདེབས་པར་བྲེལ།
  • དོ་སྣང་ཆེ་བའི་རྩོམ།