གསར་བུ་རྟ་དཀར་ཅན་གྱི་བསྙེལ་ཟིན།

སྨིན་དབུས་པོ།        2021-03-29

གསར་བུ་རྟ་དཀར་ཅན་གྱི་བསྙེལ་ཟིན།

     གནའ་བོའི་དུས་ནས་རི་མཐོ་ས་གཙང་དུ་གྲགས་པའི་ཡུལ་ལྗོངས་ཤིག་ནས། ལྟོས་བཅས་ཀྱིས་ཁི་སིམ་པོར་རྒྱུ་བའི་ནོར་ནག་གི་རྫི་བོ་འུར་ཆ་ཅན་ཞིག་གིས་ཡུལ་སྐོར་བ་བསོད་ནམས་ཅན་ཞིག་གི་བརྙན་ལེན་འཕྲུལ་མིག་ནང་དུ་ལྷད་མེད་པའི་འཛུམ་མདངས་ཐེངས་གཅིག་གནང་བས། ཉིན་ཞག་གཅིག་གི་ཡུན་ལ་འཛམ་གླིང་གི་མི་གྲངས་བགྲང་གིས་མི་ལོང་བའི་སེམས་པ་ དབང་མེད་དུ་བཀུག་ཐུབ་སོང་། ལྷད་མེད་པའི་འཛུམ་མདངས་གནང་མཁན་ཁོ་ནི་ལི་ཐང་ཕོ་སར་རྟ་དཀར་ཅན་ཏེ། གངས་རྫ་སྤང་གསུམ་གྱི་རི་འདབས་ནས་དྲིན་ཆེན་ཕ་མའི་ལག་ཟས་ལྷད་མེད་རྩམ་དཀར་དང་འབྲི་མར་གྱིས་ལང་ཚོ་བསྐྱེད་ཅིང་། དུས་རྒྱུན་འུར་ཆ་དང་བགྲང་ཕྲེང་མཉམ་དུ་ཐོགས་ཏེ། ནོར་ནག་གི་རྨིག་རྗེས་ནས་ཚངས་མགུར་དང་མ་ཎི་རེས་མོས་སུ་གྱེར་མཁན་གྱི་རྫི་བོ་དར་མ་ཞིག་སྟེ། ཁམས་ལི་ཐང་གི་དྲ་སྐར་གྲགས་ཆེན་བསྟན་འཛིན་བརྩོན་འགྲུས་རེད།

     ཁོའི་འཛུམ་མདངས་ནི།  དཔེ་ཁུག་ཐེག་ཙམ་ནས་སློབ་རའི་སྒོ་ཐེམ་གྱི་འཇུར་མིག་ཏུ་དྲངས་ནས་ལས་བྱ་འདྲ་མིན་གྱི་གནོན་ཤུགས་ལ་གདོང་གཏད་དེ་བརྩོན་པ་ཡུན་རིང་བྱས་པའི་སྦྱང་འབྲས་སོགས་མ་ཡིན་ལ། བྱིས་བློའི་དཀར་གཙང་གི་རང་གཤིས་ལ་སློབ་གསོ་འདྲ་མིན་གྱི་ཚོན་རྫི་སྣ་ཚོགས་བྱུགས་པའི་མཇུག་འབྲས་དེ་བས་ཀྱང་མ་ཡིན་པར།  ལྷད་མེད་པའི་ཕ་མའི་བརྩེ་འཛུམ་གྱི་དྲོད་ངོགས་ནས་གར་ཡང་མ་ཕྱིན་པར། ལྷད་མེད་པའི་ཕ་ཡུལ་དྲོན་མོའི་སྤང་ཁུག་ནས་ནར་སོན་པ་ཡིན་ཕྱིར། ཁོ་ལ་དེ་ལྟ་བུའི་འཛུམ་མདངས་ལྷད་མེད་ཅིག་ལྷན་སྐྱེས་སུ་ཡོད་སོང་བ་རེད་གདའ།  

     འཛུམ་མདངས་ལྷད་མེད་དེ་ཡོད་སོང་བའི་དབང་གིས་རྒྱུ་རྐྱེན་གཞན་གང་ལ་ཡང་མ་ལྟོས་པར་ཉིན་ཞག་གཅིག་གིས་འཛམ་གླིང་གི་དྲ་སྐར་གྲགས་ཆེན་དུ་གྱུར་སོང་བ་རེད་ལ།  འཛུམ་མདངས་ལྷད་མེད་དེ་ནི་མཐར་གཏུགས་ནས་སོང་ན། ཤ་ཁྲག་རུས་གསུམ་གྱི་མཆེད་ཁུངས་དང་འབྲེལ་བའི་ཡུལ་སྲོལ་གོམས་གཤིས་ལྷད་མེད་དྭངས་གཙང་ཞིག་ཁོའི་ཤ་གསེང་རུས་གསེང་དུ་གཞི་ནས་སིམ་ཡོད་པའི་མངོན་རྟགས་ཤིག་དང་། ཕ་ཡུལ་གྱི་བླ་སྲོག་ཏུ་གྱུར་བའི་སྲོལ་བཟང་ཡ་རབསརིག་གནས་ཤིག་གི་གསོན་ཤུགས་མ་བཅོས་དྲི་མེད་དྭངས་གཙང་གི་སེམས་ཁམས་སུ་སོ་ན་གནས་ཡོད་པ་ཕྱི་རྟགས་སུ་མངོན་པས་རེད་འདུག །

     ལྷད་མེད་བཅོས་མིན་གྱི་འཛུམ་མདངས་དེའི་འབྱུང་རྐྱེན་འཚོལ་མཁན་གྱི་འཛམ་གླིང་གི་རྒྱུས་ལོན་པ་མང་པོ།  བསྟན་འཛིན་བརྩོན་འགྲུས་གློ་བུར་དུ་དྲ་གྲགས་སྐར་ཆེན་དུ་གྱུར་བའི་ཕྱིའི་ཉིན་མོ་ནས། དམིགས་ཡུལ་འདྲ་མིན་སྣ་ཚོགས་ཀྱི་ལེགས་སྐྱེས་ཐོགས་ཤིང་ཡུལ་ལུང་མང་པོའི་རྒྱང་ཐག་གནམ་གྲུ་དང་མགྱོགས་འཁོར་གྱིས་བཅད་དེ། བོད་མདོ་ཁམས་རི་མཐོ་ལུང་ཟབ་ཀྱི་ས་གཤིས་བདེ་གཟར་དང་། གནམ་གཤིས་དྲོ་གྲང་། སྐད་རིགས་ཡུལ་སྲོལ་གཅིག་མིན་གྱི་གནས་ཚུལ་ལ་མ་ལྟོས་པར་འཕྲོས་རིམ་འཕྲོར་བསྟན་འཛིན་བརྩོན་འགྲུས་ཀྱི་ཉེ་གམ་ལ་བཅར་ནས།  ཁོའི་འགྲོ་འདུག་གཏམ་གསུམ་གྱི་སྤྱོད་ལམ་ལ་སྒྲ་པར་དང་བརྙན་ལེན་གྱི་ལྕགས་རི་བསྐོར་ཏེ།  ཁྱོད་མ་གཞི་སུ་ཞིག་ཡིན་དང་གང་ནས་རེད། ཁྱོད་གནས་གང་དུ་འགྲོ་མོས་དང་།  ཁྱོད་ཅི་ཞིག་ལ་དགའ་སོགས་དྲི་བ་སྣ་ཚོགས་གློ་བུར་དུ། ཐད་ཀ་རུ། ཆུ་བོ་བཞུར་བཞུར་དང་། རླུང་དམར་གཡུག་གཡུག་གིས་གཅིག་ཐོག་ཉིས་བརྩེགས་ཀྱི་སྐབས། སློབ་གསོ་སྣ་ཚོགས་ཀྱི་ཚོན་མདངས་བྱུགས་མྱོང་བའི་གང་ཟག་ཁྲ་ཁྲ་ཞིག་ཡིན་ཚེ་ཟུར་སྣེ་མང་པོ་ལ་འདང་རྒྱག་ཤོར་བཞིན། ཡིན་པ་མོག་མོག་དང་། མིན་པ་གསལ་གསལ་གྱི་ལན་ཞིག་བློ་ལ་གཅིག་རྗེས་གཉིས་མཐུད་དུ་བརྩེགས་ཡོང་སྲིད་མོད། གངས་རིའི་རང་མདངས་དང་རྩྭ་ཐང་གི་དྲི་བཟང་ལས་ཅི་ཡང་མཐོང་ཐོས་མ་མྱོང་བའི། ལྷད་མེད་དྭངས་གཙང་གི་རྣམ་ཤེས་ཁུར་བའི་ལི་ཐང་བསྟན་འཛིན་བརྩོན་འགྲུས་ཀྱིས་བཞིན་ལ་ཉམས་འགྱུར་ལྷག་མོ་དང་།  སྐད་ཆ་ལ་སྒྱུ་རྩལ་གྱི་ཁ་སྣོན།  སེམས་གཤིས་ལ་བཅོས་བསྒྱུར་གྱི་ལྷན་པ་ཅི་ཡང་མ་བརྒྱབ་པའི་སྒོ་ནས་རང་གཤིས་གཙང་མས་བཅར་འདྲི་དང་ལེན་དང་། གསལ་ལན་བཏབ་པའི་ཐོག་མའི་རྩ་ཚིག་རེ་རེས། སྐབས་དེའི་བཅར་འདྲི་བ་ཚོར་ཐད་དཀར་འབྲེལ་བརྗོད་དཀའ་བའི་ཉིན་ཐོ་རེ་རེ་འབྲིར་བཅུག་ཅིང་།  འཛམ་གླིང་གི་དྲ་ཉུལ་བ་དུང་ཕྱུར་མང་པོ་ཞིག་ལ། འཇིག་རྟེན་གྱི་མཛེས་སྡུག་གི་མཆོག་ནི་ལྷད་མེད་པའི་འཛུམ་མདངས་ཡིན་པ་ངོ་བསྟན་ཅིང་།  ལྷད་མེད་པའི་འཛུམ་མདངས་དེའི་འབྱུང་རྩ་འབྱུང་ཡུལ་ལ་བསམ་གཞིག་གི་སྒོ་མོ་གསར་བ་རེ་འགའ་ཕྱེས་པར་མ་ཟད། ད་དུང་ཤ་དང་ཁྲག་རྒྱུན་གཅིག་པའི་སྤུན་ཟླ་གསར་རྙིང་མང་པོ་ཞིག་གི་འགྱུར་བག་ལ་ཡང་འདྲི་རྟགས་སྣ་ཚོགས་ཤིག་བཀོད་སོང་བ་རེད་དོ། ། མཐོ་སྒང་གི་གསར་བུ་རྟ་དཀར་ཅན་བསྟན་འཛིན་བརྩོན་འགྲུས་ཀྱི་རླུང་རྟ་དར་བར་ཤོག།

གསར་བུ་རྟ་དཀར་ཅན་གྱི་བསྙེལ་ཟིན།

     ལི་ཐང་བསྟན་འཛིན་བརྩོན་འགྲུས་ཀྱིས་ཁོ་རང་ཆེས་འགྲོ་མོས་ས་ནི་ལྷ་ས་ཡིན་ཞེས་ལན་བཏབ་ཡོད་ལ། ཁོས་ཆེས་ཐོག་མའི་འཆར་གཞི་དང་དམིགས་ཡུལ་ཉག་གཅིག་ནི་དྲིན་ཆེན་ཕ་མ་གཉིས་དབུས་ལྷ་སར་ཁྲིད་དེ། ཇོ་བོ་རིན་པོ་ཆེའི་གསེར་ཞལ་མཇལ་ཐུབ་པར་བྱེད་རྒྱུ་དེ་ཡིན་ཞེས་ནན་ཏན་གྱིས་བཤད་པ་དང་། དེ་བཞིན་དུ་ལི་ཐང་བསྟན་འཛིན་བརྩོན་འགྲུས་ཀྱིས་དབྱངས་སུ་ཆེས་གྱེར་སྤྲོ་བའི་གླུ་དབྱངས་ནི་ཚངས་མགུར་གྱི་ཚན་པ་བྱ་དེ་ཁྲུང་ཁྲུང་དཀར་མོ་ཡིན་པ་དང་། ཁོ་རང་ལོ་རྒྱུས་སྟེང་གི་ཆེས་དགའ་སའི་མི་སྣ་ནི་གླིང་རྗེ་གེ་སར་རྒྱལ་པོ་དང་། ལྟ་ཀློག་མོས་པའི་དཔེ་ཆ་ཨང་དང་པོ་ནི་གླིང་གེ་སར་གྱི་རྟོགས་བརྗོད་ལོ་རྒྱུས་སྙན་རྩོམ་རིང་མོ་ཡིན་པ་བསལ་འདེམས་བྱས་པར་མ་ཟད། ཁོ་རང་ཁམས་ལི་ཐང་གི་སྒེར་སྲོལ་དང་མཐུན་པར་རྟ་ཐོག་གི་གྲགས་སྐར་ཞིག་བྱེད་རྒྱུའི་ཆོད་སེམས་ཡོད་ཚུལ་བཤད་པ་སོགས་མང་ལ། དེ་ལས་ཀྱང་ཁོའི་ཐོག་མའི་དྲ་སྐར་གྱི་གོམ་སྟབས་ཁྲོད་ཀྱི་རྩམ་པ་བརྫི་བའི་བྱང་ཆ་དང་། འུར་རྡོ་འཕེན་པའི་ཉམས་འགྱུར། ནོར་ནག་དང་རྟ་མཆོག་ལ་གོམས་སྟངས་སོགས་ནས། ཐ་ན་ཁོ་རང་ཐོག་དང་པོར་ཚོང་ཁྲོམ་དུ་ཐོན་མ་ཐག །ཕ་མའི་འཚོ་བ་ལ་ཕན་པའི་བཅའ་དངོས་དང་། རང་གི་རྟ་དཀར་ལ་དྲིལ་དོམ་ཉོས་སྟངས་ཡན་ཆད་ཀྱི་བརྙན་པར་ཁྲི་སྟོང་མང་པོ་འཛམ་གླིང་གི་དྲ་ཉུལ་བ་ཚོའི་མཐོང་ལམ་དུ་ངོ་མཚར་བརྡ་འཕྲིན་གྱིས་རེ་རེ་བཞིན་བསྐྱལ་ཏེ་སོན་སྐབས།  ཐད་ཀ་ཐད་ཀ་རུ་མཐོང་ན་ཆེས་སྤྱིར་བཏང་བའི་བརྒྱུད་རིམ་ཞིག་ལས་མ་མོད། དོན་ལ་འདི་དག་རེ་རེའི་ཆ་ན་ཤིན་ཏུ་དྭངས་ཤིང་གཙང་བའི་ཡུལ་ལུང་ཞིག་གི་སྣང་བརྙན་དང་། ལྷད་མེད་ངོས་གཙང་ཡིན་པའི་མི་རྒྱུད་ཅིག་གི་སེམས་ཁམས་གཤིས་སྤྱོད་ཀྱི་རང་གཤིས། བཅོས་མིན་ཤུགས་འབྱུང་གི་བྱམས་བརྩེ་དང་དུང་ཞེན་གྱི་རང་མདངས།  ཕ་དང་མེས་པོའི་དད་མོས་ལུགས་སྲོལ་སོགས་རིག་གནས་ཀྱི་རྒྱབ་ལྗོངས་བརྟན་པོའི་སྒེར་ཚུགས་མངོན་པའི་ཟུར་སྣེ་རྡོ་རྗེ་ལྟ་བུ་མང་པོ་ཞིག་གི་སྡོམ་ཚིག་འདུས་ཡོད་པ། དུས་རབས་ཀྱི་དྲ་ལམ་ནས་ཐོས་སོང་བ་ཡིན་ལ།  བརྙན་ལམ་ནས་མཐོང་སོང་བ་ཡིན་ཚུལ་གྱི་ཐོག་མའི་སྐད་ཆ་ཐུང་ངུ་དང་མཉམ་དུ།    གཅེས་སུ་འོས་པའི་གླིང་ཕྲུག་གཡུ་རྣ་རྟ་དཀར་ཅན་ཏེ། ལི་ཐང་བསྟན་འཛིན་བརྩོན་འགྲུས་ཀྱི་ཚེ་བསོད་རླུང་རྟ་དར་ཞིང་། གྲགས་པ་དཀར་པོའི་གཏམ་སྙན་ཡང་གངས་དཀར་ཇོ་མོ་གླང་མའི་དབུ་རྩེ་དང་རྟག་བརྟན་དུ་འགྲོགས་ཐུབ་པའི་སྨོན་ལམ་དཀར་པོ་དང་བཅས།  གླིང་དགའ་བ་སྨིན་དབུས་ཨ་དཀར་དེས་བཀྲ་ཤིས་པའི་གོམ་སྟབས་དང་པོའི་སྐོར་ལ་དོ་སྣང་བསྙེལ་ཟིན་ཙམ་བཀོད་པ་དགེའོ།།

རྩོམ་སྒྲིག་པ། མགར་རྒྱལ་སྲས།


  • ལེ་ཚན་སྔོན་མ།:བུ་མོ་དབྱངས་གསལ་སྒྲོལ་མ།
  • ལེ་ཚན་རྗེས་མ།:ངའི་མཐོ་འབྲིང་གི་འཚོ་བ།