སློབ་གསོའི་གློག་བརྙན་གྲགས་ཅན་དགེ་རྒན་ ༼ གག་གག ༽་ ལ་བལྟས་རྗེས་སུ་བྲིས་པ།

ནག་ཤོད་བསྟན་འཛིན་རྒྱལ་མཚན།        2021-03-17

ངས་དྲན་གསལ་ལ་ཕལ་ཆེར་ཟླ་བ་གཅིག་གི་ཡར་སྔོན་ལ་ངའི་འཕྲིན་ཕྲན་གྱི་གྲོགས་ཚོམས་སུ་མི་མང་པོ་ཞིག་གིས་དགེ་རྒན་གག་གག་ཅེས་པའི་གློག་བརྙན་འདི་སློབ་གསོའི་གློག་བརྙན་གྲགས་ཅན་ཞིག་རེད་ཅེས་འུར་སོང་བས་བདག་གི་སེམས་སུ་བག་ཆགས་ཟབ་མོ་ཞིག་བཞག་བྱུང་། སྤྱིར་ང་རང་ལ་སློབ་གསོའི་ཐད་ལ་དམིགས་བསལ་ཤེས་ཡོན་ཅི་ཡང་མེད་རུང་། སློབ་གསོ་ཡི་ཤེས་བྱ་སློབ་སྦྱོང་བྱ་རྒྱུར་དགའ་ཞེན་ཅུང་ལྡན་མཁན་ཞིག་ཡིན། བདག་གིས་ཡུན་རིང་ལ་གློག་བརྙན་འདི་བལྟ་རྒྱུའི་དུས་ཚོད་ཅིག་བཙལ་འཚོལ་ལན་མང་བྱས་པ་ཡིན། འོན་ཏང་དུས་ཚོད་ཀྱི་ཁོམ་པ་ཤིན་ཏུ་དབེན་པས་བྲེལ་བ་དང་མཚར་སྣང་ངང་གཟའ་འཁོར་གཅིག་གོ་མེད་ཚོར་མེད་ངང་འདས་སོང་། སྟབས་ལེགས་པ་ཞིག་ལ་ཏག་ཏག་མདང་ནུབ་ཁོམ་པ་དང་སྦྲགས་དགེ་རྒན༼ གག་གག༽ ཅེས་པའི་གློག་བརྙན་འདི་ལ་ཉལ་ཁང་ནས་རང་ཉིད་གཅིག་པུས་དལ་དལ་ལྷོད་ལྷོད་ངང་བལྟས་པ་ཡིན། དངོས་གནས་མིག་ཆུ་སེམས་ལ་ཉིལ་བར་བྱེད་པའི་གློག་བརྙན་ཞིག་རེད། ང་རང་ངོས་ནས་འདི་ནི་མི་སེམས་སྒུལ་ཐུབ་པའི་གློག་བརྙན་ཞིག་རེད་བསམ་བྱུང་། གློག་བརྙན་འདི་ནི་བྱིས་པ་ཞིག་གི་ཆུང་དུས་ཀྱི་སྡུག་བསྔལ་དང་འཚར་ལོངས་ཀྱི་བར་ཆད། ནར་སོན་རྗེས་སུ་དགེ་རྒན་བྱེད་འདོད་ཀྱི་ཕུགས་བསམ་བརྟན་པོ་ལ་སོགས་ཅིག་ཅར་མཚོན་པའི་དངོས་ཡོད་འཚོ་བའི་གཟུགས་བརྙན་ཞིག་རེད་གདའ་སྙམ།

དགེ་རྒན༼ གག་གག༽ ནི་སྐྱིགས་བུའི་ནད་ཡོད་པའི་བུད་མེད་ཅིག་ཡིན་ལ། མོ་རང་ཆུང་དུས་ནས་ནད་དེ་བྱུང་ཡོད་པས་སློབ་གྲོགས་དང་གྲོགས་མོ། དེ་བཞིན་མོ་རང་འཕྲད་པའི་སྤྱི་ཚོགས་ཀྱི་མི་བུ་ཀུན་པོས་འཕྱ་སྨོད་དང་མཐོང་ཆུང་མི་ཉུང་བ་ཞིག་བྱེད་ཀྱིན་ཡོད། གཞན་དུ་ན། སྐད་ཆ་ཚིག་ཁ་ཤས་ཀྱི་ནང་ལ་མོའི་མིད་པའི་ནང་ནས༼ གག་གག༽ ཅེས་པའི་སྒྲ་དེ་ཉུང་ན་གསུམ་བཞི་ཡན་འབྱུང་གི་ཡོད་ལ་དེ་ཡང་དུས་ངེས་མེད་དུ་བྱུང་གི་ཡོད།འོན་ཏང་རྒན་ལགས་ཀྱིས་སློབ་གསོ་ལ་བཅངས་པའི་དུང་སེམས་དང་སློབ་མ་ཀུན་པོར་འཛིན་པའི་བཏང་སྙོམས་ཀྱི་ལྟ་ཚུལ་ནི་ནམ་ཡང་འགྱུར་བ་ཕྱིན་པ་གློག་བརྙན་ནང་ཟུར་ཙམ་ཡང་མངོན་མ་བྱུང་ གློག་བརྙན་འདི་ནི་ཉེ་ལམ་སྤྱི་ཟླ་བཅུ་བའི་ཚེས་བཅུ་ཉིན་ཀྲུང་གོར་གསར་དུ་ཐོན་པའི་རྒྱ་གར་གྱི་གློག་བརྙན་ཞིག་ཡིན་ལ། དེ་ན་ཁོ་བོས་མཐོང་ཐོས་མྱོང་གསུམ་ཐོག་མའི་སེམས་བསྐྱེད་ལས་འཕྲོས་ཏེ་གློག་བརྙན་དེའི་ནང་དོན་གཙོ་བོ་འདི་མིན་ནམ་ཞེས་ཨེན་ཙམ་ཞིག་མདོར་བསྟན་གྱི་ཚུལ་དུ་བརྗོད་པར་འདོད་དེ་གློག་བརྙན་ཧྲིལ་པོ་སློབ་གསོའི་ཕྱོགས་ཀྱི་གཏམ་རྒྱུད་ཅིག་ཡིན་པར་མ་ཟད། ཉེ་རབས་ཀྲུང་གོ་པ་མང་པོ་རང་གི་སློབ་གསོའི་ལམ་ལུགས་ལ་བརྒྱ་ཆ་རྒྱ་ཡི་ཡིད་ཚིམ་པའི་སྣང་བ་ཞིག་མེད་རུང་རང་རྒྱལ་གྱི་འཁྲབ་ཁྲིད་པ་དག་གིས་ནམ་ཡང་ཞལ་ཏ་མ་ཕོད་ཅིང་ཐེར་འདོན་གྱི་སྙིང་སྟོབས་ནི་སྔུན་ནས་འཆི་ཟིན་པ་འདྲ་བོ།། ལར་སློབ་གསོ་ནི་ཡིག་རྒྱུགས་དང་ཁ་ཙམ་གྱི་ནང་དུ་མིན་པར་མི་དང་མིའི་སེམས་ཀྱི་ཞིང་ཁམས་ཀྱི་བརྩེ་བ་དང་འབྲེལ་ཏེ། ལྷག་བསམ་སྔོགས་འདོན་དང་ནུས་པ་ལག་ལེན་དངོས་ཀྱི་ལས་ཀ་རུ་གསལ་ལེར་བསྟན་ཐུབ་པ་བྱ་རྒྱུ་ཤིན་ཏུ་གལ་ཆེ་ཡིན་ངེས་ཞེས་བདག་གིས་སྤོབས་པ་ཆེར་བསྐྱེད་ངང་སྨྲ་སྤོབས་སོ།།

མཇུག་ཏུ་བཤད་རྒྱུར་གློག་བརྙན་ཡིད་འགུག་ཐེབས་པ་ཞིག་ཡིན་པ་ཙམ་གྱིས་ལྟ་ཚུལ་ཡང་དག་ཅིག་བཏོན་འདུག་ཅེས་བཤད་མི་ནུས་ལ། སློབ་མ་དམིགས་བསལ་བ་རེ་གཉིས་དང་དགེ་རྒན་གྱིས་ཐབས་ལམ་ཞིག་རྒྱུན་འཁྱོངས་བྱེད་པ་ཙམ་གྱིས་སློབ་མ་དང་སློབ་གསོའི་ཐབས་ལམ་སྤྱི་ལ་སྡོམ་ཚིག་ཁྱད་དུ་འཕགས་པ་ཞིག་འགོད་ག་ལ་ནུས། སྤྱིར་སློབ་གྲྭའི་སློབ་གསོའི་ནང་དུ་སློབ་མའི་མི་གཞི་དང་ཤེས་ཡོན་གཉིས་གཅིག་གྲོགས་གཅིག་ལ་ཕྱིན་པ་བཞིན་གཞི་གཅིག་གི་ཐོག་གཏན་དུ་གནས་དགོས། དེར་མ་ཟད་ལྷག་བསམ་གྱི་སློབ་གཉེར་ཁར་དཔྱོད་ཤེས་ཀྱི་ཤེས་རབ་འཁྲུངས་ཙ་ན་བཀྲ་ཤིས་ཉིས་བརྩེགས་སམ་རྟ་རྒྱུགས་ཞོར་མེ་ཏོག་འཐུ་ཞོར་གྱི་ལས་ལས་མ་འདས་ཞེས་བཤད་འདོད་དོ། །


  • ལེ་ཚན་སྔོན་མ།:རང་གི་ཞེ་སྡང་ལ་རང་གིས་ཚོད་འཛིན་བྱོས།
  • ལེ་ཚན་རྗེས་མ།:བུ་མོ་དབྱངས་གསལ་སྒྲོལ་མ།