ཞི་ཅིན་ཕིང་གིས་སྲིད་གྲོས་ཀྱི་ཚོགས་འདུར་ཞུགས་མཁན་སྨན་བཅོས་འཕྲོད་བསྟེན་རིགས་ཁོངས་དང་སློབ་གསོའི་རིགས་ཁོངས་ཀྱི་ཨུ་ཡོན་ལ་གཟིགས་གནང་བ།

    མི་དམངས་དྲ་བ།    2021-03-09

ཞི་ཅིན་ཕིང་གིས་སྲིད་གྲོས་ཀྱི་ཚོགས་འདུར་ཞུགས་མཁན་སྨན་བཅོས་འཕྲོད་བསྟེན་རིགས་ཁོངས་དང་སློབ་གསོའི་རིགས་ཁོངས་ཀྱི་ཨུ་ཡོན་ལ་གཟིགས་གནང་བ།

ཟླ་3ཚེས་6ཉིན་གྱི་ཕྱི་དྲོ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་བཞི་པར་ཞུགས་མཁན་སྨན་བཅོས་འཕྲོད་བསྟེན་རིགས་ཁོངས་དང་སློབ་གསོའི་རིགས་ཁོངས་ཀྱི་ཨུ་ཡོན་ལ་གཟིགས་པ་དང་འབྲེལ་མཉམ་འབྲེལ་ཚོགས་ཆུང་གི་ཚོགས་འདུར་ཞུགས་ནས་བསམ་འཆར་དང་གྲོས་འགོ་ཡང་གསན་པ་རེད། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་དབང་དབྱང་གཟིགས་པ་དང་གྲོས་བསྡུར་ནང་ཞུགས་པ་རེད།

   ཞི་ཅིན་ཕིང་གིས་སྲིད་གྲོས་ཀྱི་ཚོགས་འདུར་ཞུགས་མཁན་སྨན་བཅོས་འཕྲོད་བསྟེན་རིགས་ཁོངས་དང་སློབ་གསོའི་རིགས་ཁོངས་ཀྱི་ཨུ་ཡོན་ལ་གཟིགས་སྐབས།  མི་དམངས་ཀྱི་བདེ་ཐང་འགན་སྲུང་བྱ་རྒྱུ་དེ་སྔོན་ལ་འཕེལ་རྒྱས་གཏོང་བའི་འཐབ་ཇུས་ཀྱི་གནས་བབ་ཐོག་བཞག་ནས་སྤུས་ལེགས་དོ་སྙོམས་ཀྱི་གཞི་རྩའི་སྤྱི་པའི་སློབ་གསོའི་ཞབས་ཞུའི་མ་ལག་འཛུགས་རྒྱུར་ཤུགས་སྣོན་རྒྱག་དགོས་པའི་ནན་བཤད་གནང་བ།

དབང་དབྱང་གཟིགས་པ་དང་གྲོས་བསྡུར་ནང་ཞུགས་པ།

   ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་3ཚེས་6ཉིན་གློག་འཕྲིན་འབྱོར་གསལ། ཟླ་3ཚེས་6ཉིན་གྱི་ཕྱི་དྲོ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་བཞི་པར་ཞུགས་མཁན་སྨན་བཅོས་འཕྲོད་བསྟེན་རིགས་ཁོངས་དང་སློབ་གསོའི་རིགས་ཁོངས་ཀྱི་ཨུ་ཡོན་ལ་གཟིགས་པ་དང་འབྲེལ་མཉམ་འབྲེལ་ཚོགས་ཆུང་གི་ཚོགས་འདུར་ཞུགས་ནས་བསམ་འཆར་དང་གྲོས་འགོ་གསན་ཞིང་། ཁོང་གིས། མི་དམངས་ཀྱི་བདེ་ཐང་འགན་སྲུང་བྱ་རྒྱུ་དེ་སྔོན་ལ་འཕེལ་རྒྱས་གཏོང་བའི་འཐབ་ཇུས་ཀྱི་གནས་བབ་ཐོག་བཞག་སྟེ། གཞི་རྩའི་སྨན་བཅོས་འཕྲོད་བསྟེན་བྱ་གཞག་གི་སྤྱི་ཕན་རང་བཞིན་མཐའ་འཁྱོངས་དང་། མི་དམངས་ཀྱི་བདེ་ཐང་ལ་ཤུགས་རྐྱེན་བཟོ་བའི་ནད་གཞི་ཚབས་ཆེན་དང་གནད་དོན་གཙོ་བོར་དམིགས་པ། བདེ་ཐང་ཀྲུང་གོའི་བྱ་སྤྱོད་ལག་བསྟར་བྱེད་མགྱོགས་སུ་གཏོང་བ། རྒྱལ་ཁབ་ཀྱི་སྤྱི་པའི་འཕྲོད་བསྟེན་གྱི་འགོག་སྲུང་དྲ་བ་ཚགས་དམ་དུ་གཏོང་བ། གཞུང་བཙུགས་སྨན་ཁང་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས་མི་དམངས་ལ་ཕྱོགས་ཡོངས་དང་དུས་འཁོར་ཧྲིལ་པོའི་བདེ་ཐང་གི་ཞབས་འདེགས་ཞུ་དགོས། ཏང་གི་སློབ་གསོའི་མཛད་ཕྱོགས་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་སློབ་གཉེར་ཁ་ཕྱོགས་མཐའ་འཁྱོངས་བྱེད་པ། སློབ་གསོའི་སྤྱི་ཕན་རང་བཞིན་གྱི་རྩ་དོན་མཐའ་འཁྱོངས་བྱེད་པ། སྤུས་ལེགས་དོ་སྙོམས་ཀྱི་གཞི་རྩའི་སྤྱི་པའི་སློབ་གསོའི་ཞབས་ཞུའི་མ་ལག་འཛུགས་རྒྱུར་ཤུགས་སྣོན་རྒྱག་པ། སྤུས་ཚད་མཐོ་བའི་སློབ་གསོའི་མ་ལག་འཛུགས་པ། མི་དམངས་བློ་ཡིད་ཚིམ་པའི་སློབ་གསོ་ཡག་པོ་གཉེར་བ་བཅས་བྱས་ནས་ཀུན་སྤྱོད་དང་། ཤེས་རིག ལུས་རྩལ། མཛེས་རྩལ། ངལ་རྩོལ་བཅས་ཕྱོགས་ཡོངས་འཕེལ་རྒྱས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་འཛུགས་སྐྲུན་པ་དང་ཤུལ་འཛིན་པ་གསོ་སྐྱོང་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།

   “གསུམ་བརྒྱད”རྒྱལ་སྤྱིའི་ངལ་རྩོལ་བུད་མེད་དུས་ཆེན་འཆར་ལ་ཉེ་བའི་མཚམས་འདིར། ཞི་ཅིན་ཕིང་གིས་ཀྲུང་གུང་ཀྲུང་དབྱང་གི་ཚབ་ཞུས་ནས་རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་ལ་ཞུགས་པའི་བུད་མེད་འཐུས་མི་དང་། བུད་མེད་ཨུ་ཡོན། བུད་མེད་ལས་དོན་པ་བཅས་དང་། རྒྱལ་ཡོངས་མི་རིགས་ཁག་དང་ལས་རིགས་ཁག་གི་བུད་མེད། ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་དང་། ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ། ཐའེ་དབན་ས་ཁུལ་བཅས་ཀྱི་བུད་མེད་སྤུན་ཟླ། ཕྱིར་སྡོད་བུད་མེད་སྤུན་ཟླ་བཅས་ལ་དུས་ཆེན་གྱི་རྟེན་འབྲེལ་དང་སྨོན་འདུན་བཟང་པོ་ཞུས་པ་རེད།

   ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་དབང་དབྱང་གཟིགས་པ་དང་གྲོས་བསྡུར་ནང་ཞུགས་ཡོད་པ་རེད།

   མཉམ་འབྲེལ་ཚོགས་ཆུང་གི་ཚོགས་འདུའི་ཐོག་ཝུའུ་ཧའོ་དང་། ཧོང་ལུའུ་ཆི། ཝང་ཁྲེན། ཡན་ཁྲུན་ཧྭ། ཝང་ཧོན། ཧུའུ་ཡུས། ལིན་ཀྲུང་ཆིན་སོགས་ཨུ་ཡོན་བདུན་གྱིས་གཞི་རིམ་གྱི་འཕྲོད་བསྟེན་མ་ལག་འཐུས་སྒོ་ཚང་དུ་གཏོང་བ་དང་། ཀྲུང་ལུགས་གསོ་རིག་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། དུས་རབས་གསར་པའི་རྒྱལ་ཁབ་ཀྱི་གསོ་རིག་སློབ་གསོ་དང་ཞིབ་འཇུག་མ་ལག་འཛུགས་པ། མཐོ་རིམ་སློབ་གསོའི་གྲུབ་ཆ་ལེགས་སྒྲིག་བྱེད་པ། རྨང་གཞིའི་སློབ་གསོ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། གཞུང་བཙུགས་སྨན་ཁང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། སློབ་གསོ་སྒྱུར་བཅོས་གསར་གཏོད་བྱ་རྒྱུར་སྐུལ་འདེད་གཏོང་བ་སོགས་ལ་དམིགས་ནས་གཏམ་བཤད་གནང་བ་རེད།

   ཞི་ཅིན་ཕིང་གིས་ཚང་མའི་གཏམ་བཤད་གསན་རྗེས་གསུང་བཤད་གལ་ཆེན་གནང་ཞིང་། ཁོང་གིས། རྒྱལ་ཡོངས་སྲིད་གྲོས་ཀྱི་སྨན་བཅོས་འཕྲོད་བསྟེན་གྱི་རིགས་ཁོངས་དང་སློབ་གསོའི་རིགས་ཁོངས་ཀྱི་ཨུ་ཡོན་རྣམས་ལ་བལྟ་བ་དང་མཉམ་འབྲེལ་ཚོགས་ཆུང་གི་གྲོས་བསྡུར་ནང་ཞུགས་རྒྱུ་བྱུང་བར་ཧ་ཅང་དགའ་པོ་བྱུང་ཞེས་གསུངས་པ་དང་། ཁོང་གིས་ཀྲུང་གུང་ཀྲུང་དབྱང་གི་ཚབ་ཞུས་ནས་དེར་བཞུགས་ཨུ་ཡོན་དང་རྒྱལ་ཡོངས་ཀྱི་རྒྱ་ཆེའི་སྲིད་གྲོས་ཨུ་ཡོན་རྣམས་ལ་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་ཞུས་པ་རེད།

   ཞི་ཅིན་ཕིང་གིས་བསྟན་དོན། འདས་ཟིན་པའི་ལོ་གཅིག་ནི་ཀྲུང་གོ་གསར་པའི་ལོ་རྒྱུས་ཐོག་སྤྱིར་བཏང་གཏན་ནས་མིན་པའི་ལོ་ཞིག་རེད། སྣེ་མང་རྙོག་འཛིང་ཆེ་བའི་རྒྱལ་སྤྱིའི་དུས་བབ་དང་། དཀའ་ཚེགས་ཆེ་ལ་ལྗིད་རྫོབ་ཆེ་བའི་རྒྱལ་ནང་གི་སྒྱུར་འཕེལ་བརྟན་གསུམ་གྱི་ལས་འགན་དང་ལྷག་པར་དུ་ཏོག་གསར་གློ་ཚད་རིམས་ནད་ཀྱི་རྡབ་རྡེག་ཚབས་ཆེན་གྱི་མདུན་དུ་ཀྲུང་གུང་ཀྲུང་དབྱང་གིས་ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ། ཕྱར་བ་གྲུ་འདེགས་དང་དཀའ་ངལ་བསུ་བཞིན་དུ་མདུན་སྐྱོད་བྱས་ནས་དཀའ་ཚེགས་ཆེན་པོས་འབད་འཐབ་བྱས་པ་བརྒྱུད། རིམས་ནད་སྔོན་འགོག་དང་ཚོད་འཛིན་ལ་འཐབ་ཇུས་ཀྱི་གྲུབ་འབྲས་གལ་ཆེན་ཐོབ་པ་དང་། གོ་ལ་ཧྲིལ་པོའི་དཔལ་འབྱོར་དངོས་ཚན་གཙོ་བོའི་ཁྲོད་ནས་སྔོན་ལ་དཔལ་འབྱོར་འཕར་བ། དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་ཕྱོགས་ཡོངས་ནས་རྒྱལ་ཁ་ཐོབ་པ། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པར་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་རླབས་པོ་ཆེ་ཐོབ་པ། སྒྱུར་བཅོས་སྒོ་དབྱེར་སྐུལ་འདེད་གཏིང་ཟབ་ཐེབས་པ། “ལོ་ལྔ་ཚན་བཅུ་གསུམ་པ”འཆར་འགོད་ཕུན་སུམ་ཚོགས་པོའི་ངང་མཇུག་བསྡུས་པ། “ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་ཕྱོགས་ཡོངས་ནས་འགོ་ཚུགས་པ་བཅས་ཀྱི་གྲུབ་འབྲས་བཟང་པོ་ཐོབ་ཡོད། གྲུབ་འབྲས་དེ་དག་ནི་ལས་སླ་པོར་ཐོབ་པ་ཞིག་མིན་པར་དེ་ནི་ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཚོས་མཐུན་སྒྲིལ་འབད་འཐབ་དང་དཀའ་སྤྱད་འབད་བརྩོན་བྱས་པའི་འབྲས་བུ་ཞིག་རེད་ལ། དམངས་གཙོ་ཏང་ཤོག་ཁག་དང་། རྒྱལ་ཡོངས་བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས། ཏང་ཤོག་གང་ལའང་མི་གཏོགས་པའི་མི་སྣ་བཅས་ཀྱིས་དཀའ་སྤྱད་འབད་བརྩོན་དང་འབད་འབུངས་ཡར་བརྩོན་བྱས་པའི་འབྲས་བུ་ཞིག་ཀྱང་རེད།

   ཞི་ཅིན་ཕིང་གིས། ཏོག་གསར་གློ་ཚད་རིམས་ནད་ལ་འགོག་རྒོལ་བྱེད་པའི་འགག་རྩའི་དུས་སུ་རྒྱ་ཆེའི་སྨན་དོན་ལས་དོན་པ་ཚོས་ཏང་དང་མི་དམངས་ཀྱི་མངགས་བཅོལ་ཟབ་མོ་ཆུད་ཟོས་སུ་མི་གཏོང་བར་ཉེན་ཁའི་ཕྱོགས་སུ་རྡོག་ཐོན་བྱས་པ་དང་འཆི་རྒྱུར་མི་སྐྲག་པར་དཀའ་སྤྱད་འབད་འཐབ་བྱས་ཏེ། རང་ཉིད་ཀྱི་ཁྲག་དྲོན་ལ་བརྟེན་ནས་ནད་དུག་འགོག་པའི་ངར་ལྕགས་ལྟ་བུའི་ལྕགས་རི་རིང་པོ་ཞིག་བསྐྲུན་པ་མ་ཟད། བྱ་སྤྱོད་དངོས་ཀྱི་ཐོག་ནས་སྨན་པའི་བྱམས་སེམས་དང་གཅེས་སེམས་ཀྱང་མངོན་པར་བྱས་ཡོད། རྒྱ་ཆེའི་སློབ་གསོའི་ལས་དོན་པ་ཚོས་རིམས་ནད་ལ་འགོག་རྒོལ་དང“སློབ་མཚམས་བཞག་ཀྱང་སློབ་སྦྱོང་བྱེད་མཚམས་མི་འཇོག་པ་དང་སློབ་ཁྲིད་བྱེད་མཚམས་མི་འཇོག་པའི”འཐབ་ཕྱོགས་གཉིས་ཀྱི་ཐོག་སློབ་མ་དུང་ཕྱུར་མང་པོའི་ལུས་ཁམས་བདེ་ཐང་སྲུང་སྐྱོང་དང་འཛམ་གླིང་ཐོག་གཞི་ཁྱོན་ཆེ་ཤོས་ཀྱི་དྲ་ཐོག་སློབ་གསོ་སྤེལ་ནས། རིམས་ནད་ལ་འགོག་རྒོལ་དང་ཕྱོགས་ཡོངས་དང་གོ་རིམ་ལྡན་པའི་ངང་སློབ་འགོ་འཛུགས་པ་དང་སློབ་ཚན་སླར་གསོ་བྱ་ཆེད་ལེགས་སྐྱེས་གལ་ཆེན་ཕུལ་ཡོད་ཅེས་ནན་བཤད་གནང་བ་རེད། ཞི་ཅིན་ཕིང་གིས་ཀྲུང་གུང་ཀྲུང་དབྱང་གི་ཚབ་ཞུས་ནས་སྨན་བཅོས་འཕྲོད་བསྟེན་རིགས་ཁོངས་དང་སློབ་གསོའི་རིགས་ཁོངས་ཀྱི་ཨུ་ཡོན་དང་། རྒྱལ་ཡོངས་ཀྱི་རྒྱ་ཆེའི་སྨན་དོན་ལས་དོན་པ། སློབ་གསོའི་ལས་དོན་པ་བཅས་ལ་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་ཞུས་པ་རེད།

   ཞི་ཅིན་ཕིང་གིས་བསྟན་དོན། མི་དམངས་ཀྱི་བདེ་ཐང་ནི་སྤྱི་ཚོགས་ཤེས་དཔལ་ཡར་ཐོན་གྱི་རྨང་གཞི་རེད་ལ། མི་རིགས་དར་རྒྱས་དང་རྒྱལ་ཁབ་སྟོབས་འབྱོར་ལྡན་པའི་མཚོན་རྟགས་གལ་ཆེན་ཞིག་ཀྱང་རེད། ད་ཐེངས་ཀྱི་ཏོག་གསར་གློ་ཚད་རིམས་ནད་ལ་འགོག་རྒོལ་བྱེད་པའི་ལག་ལེན་ལས། སྔོན་འགོག་ནི་གོང་ཁེ་ཤོས་དང་གོ་ཆོད་ཤོས་ཀྱི་བདེ་ཐང་གི་ཐབས་ཇུས་ཡིན་པ་སླར་ཡང་ར་སྤྲོད་བྱས་ཡོད། ཉམས་མྱོང་ཕྱོགས་སྡོམ་དང་བསླབ་བྱ་དང་ལེན་བྱས་ཏེ་རྒྱུན་རྣམ་ཅན་གྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་ཡག་པོ་བྱེད་པ་དང་ཆབས་ཅིག་དེ་བས་གནད་སྨིན་དང་དེ་བས་ནུས་ལྡན་ལ་གཞི་ཚུགས་ནས་སྔོན་འགོག་བྱེད་པ་དང་། སྔོན་འགོག་གི་འགག་སྒོ་མདུན་ཕྱོགས་སུ་སྤོ་རྒྱུར་སྐུལ་འདེད་གཏོང་བ། ནད་ཡམས་སྔོན་འགོག་དང་ཚོད་འཛིན་མ་ལག་སྒྱུར་བཅོས་དང་འཐུས་སྒོ་ཚང་དུ་གཏོང་བ། སྤྱི་པའི་འཕྲོད་བསྟེན་གྱི་ཉེན་ཁ་ཆེན་པོར་ཚོད་སྐོར་དང་། བརྡར་ཤ་གཅོད་པ། ཐབས་ཇུས་འགོད་པ་བཅས་ཀྱི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། སྨན་བཅོས་དང་སྔོན་འགོག་མཐུན་སྦྱོར་གྱི་ལམ་སྲོལ་གསར་གཏོད་བྱེད་པ། མཉམ་དུ་སྔོན་འགོག་དང་ཚོད་འཛིན་གྱི་ལམ་སྲོལ་དང་རིམས་ནད་ཚབས་ཆེན་སྐྱོབ་བཅོས་ཀྱི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། སྔ་ཙམ་ལྟ་ཞིབ་ཚད་ལེན་དང་སྔོན་བརྡ་གཏོང་ནུས་དང་། མགྱོགས་མྱུར་བརྟག་དཔྱད་བྱེད་ནུས། འཕྲལ་སྡོམ་ཐག་གཅོད་བྱེད་ནུས། ཕྱོགས་བསྡུས་སྐྱོབ་བཅོས་བྱེད་ནུས་བཅས་ཆེ་རུ་གཏོང་བ། རྒྱལ་གཅེས་འཕྲོད་བསྟེན་ལས་འགུལ་གཏིང་ཟབ་སྤེལ་བ་བཅས་བྱས་ཏེ། རིམས་ནད་ཚབས་ཆེན་འབྱུང་རྩ་ནས་སྔོན་འགོག་དང་ཚོད་འཛིན་བྱེད་དགོས།

   ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ད་ཐེངས་ཀྱི་ཏོག་གསར་གློ་ཚད་རིམས་ནད་ལ་འགོག་རྒོལ་བྱེད་རིང་གཞུང་བཙུགས་སྨན་ཁང་གིས་ཛ་དྲག་ཤོས་དང་། ཉེན་ཁ་ཆེ་ཤོས། དཀའ་ཚེགས་ཆེ་ཤོས་བཅས་ཀྱི་སྨན་བཅོས་སྐྱོབ་བཅོས་ལས་དོན་གྱི་འགན་ཁུར་ནས་གཙོ་ཤུགས་དམག་གི་ནུས་པ་འདོན་སྤེལ་བྱས་ཡོད། གཞུང་བཙུགས་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞི་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་བ་དང་། རྫོང་ཁོངས་ཀྱི་སྨན་བཅོས་ཐུན་མོང་སྒྲིག་གཞི་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བ། གཞི་རིམ་གྱི་རྨང་གཞིའི་སྒྲིག་བཀོད་ཆ་རྐྱེན་ལེགས་སུ་གཏོང་བ། གྲོང་གསེབ་སྨན་པའི་ཐོབ་ཐང་དོན་འཁྱོལ་བཅས་བྱས་ནས་གཞི་རིམ་གྱི་ནད་འགོག་ནད་བཅོས་དང་བདེ་ཐང་གི་དོ་དམ་ནུས་པ་ཆེ་རུ་གཏོང་དགོས། སྨན་བཅོས་འཕྲོད་བསྟེན་སྒྲིག་གཞི་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ་དང་། རིམ་དབྱེའི་སྨན་བཅོས་ལམ་ལུགས་དང་། དེང་རབས་སྨན་ཁང་གི་དོ་དམ་ལམ་ལུགས། དམངས་ཡོངས་ཀྱི་སྨན་བཅོས་འགན་བཅོལ་ལམ་ལུགས། སྨན་རྫས་མཁོ་སྤྲོད་འགན་སྲུང་ལམ་ལུགས། ཕྱོགས་བསྡུས་ལྟ་འདོམས་ལམ་ལུགས་སོགས་འཐུས་སྒོ་ཚང་དུ་གཏོང་བའི་ཐད་ཚད་བརྒལ་ཡོང་བར་བྱེད་དགོས། ཀྲུང་ལུགས་གསོ་རིག་གི་དྲང་སྲུང་གསར་གཏོད་དང་རྒྱུན་འཛིན་འཕེལ་རྒྱས་ཀྱི་ལས་དོན་ཡག་པོ་བསྒྲུབས་ནས་ཀྲུང་ལུགས་གསོ་རིག་གི་ཁྱད་ཆོས་དང་འཚམ་པའི་ཞབས་ཞུའི་མ་ལག་དང་། ཞབས་འདེགས་ཞུ་སྟངས། དོ་དམ་བྱེད་སྟངས། ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་སྟངས་བཅས་བཙུགས་ནས་སྲོལ་རྒྱུན་གྱི་ཀྲུང་ལུགས་གསོ་རིག་དར་རྒྱས་གོང་འཕེལ་གཏོང་དགོས། ཚན་རིག་དང་མཐུན་པའི་སྒོ་ནས་ཏོག་གསར་གློ་ཚད་རིམས་ནད་སྨན་བཅོས་བྱེད་པའི་ཐད་ཐོན་པའི་ཀྲུང་ལུགས་དང་ཕྱི་ལུགས་སྨན་རྫས་ཀྱི་ཕན་འབྲས་ལ་ཕྱོགས་སྡོམ་དང་ཚོད་སྐོར་བྱེད་པ་དང་། ཚན་རིག་དང་མཐུན་པའི་བྱ་ཐབས་སྤྱད་ནས་ཏོག་གསར་གློ་ཚད་རིམས་ནད་སྨན་བཅོས་བྱེད་པའི་ཐད་ཀྱི་ཀྲུང་ལུགས་གསོ་རིག་གི་ཕན་ནུས་གསལ་བཤད་བྱེད་དགོས། སྟོབས་ཤུགས་གཅིག་སྒྲིལ་གྱིས་འགག་རྩའི་ལྟེ་བའི་ལག་རྩལ་གྱི་འགག་སྒྲོལ་བྱས་ནས་སྨན་རྫས་དང་། སྨན་བཅོས་འཕྲུལ་ཆས། སྨན་བཅོས་སྒྲིག་ཆས། རིམས་འགོག་སྨན་ཁབ་སོགས་ཁྱབ་ཁོངས་ལ་འགོག་རྐྱེན་བཟོ་བའི་གནད་དོན་ཁག་ཅིག་མགྱོགས་མྱུར་ཐག་གཅོད་བྱེད་དགོས། སྨན་བཅོས་འགན་བཅོལ་སྒྱུར་བཅོས་བྱེད་ཤུགས་མུ་མཐུད་ཆེ་རུ་གཏོང་བ་དང་། རྒྱུན་རྣམ་ཅན་དང་ལམ་ལུགས་ཅན་གྱི་ཐོག་ནས་སྨན་རྫས་གཅིག་སྡུད་ཐོག་ཉོ་སྒྲུབ་བྱེད་པ། ནད་གཞི་ཚབས་ཆེན་གྱི་སྨན་བཅོས་འགན་བཅོལ་དང་རོགས་སྐྱོབ་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ། སྨན་བཅོས་འགན་བཅོལ་ཐེབས་རྩའི་ལྟ་འདོམས་ལམ་ལུགས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ་བཅས་བྱས་ནས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་སྐྱོབ་པའི་མ་དངུལ་སྲུང་སྐྱོང་ཡག་པོ་བྱེད་དགོས།

   ཞི་ཅིན་ཕིང་གིས་བསྟན་དོན། རྒྱ་ཆེའི་སྨན་དོན་ལས་དོན་པ་ནི་མི་དམངས་ཀྱི་ཚེ་སྲོག་དང་བདེ་ཐང་སྲུང་སྐྱོང་བྱེད་མཁན་ཞིག་ཡིན། རླབས་ཆེན་གྱི་རིམས་འགོག་སྙིང་སྟོབས་དར་སྤེལ་ཤུགས་ཆེན་གཏོང་བ་དང་རིམས་འགོག་གི་སྔོན་ཐོན་བྱས་རྗེས་དང་དུས་རབས་ཀྱི་མིག་དཔེ་དྲིལ་བསྒྲགས་གཏིང་ཟབ་བྱས་ནས། སྤྱི་ཚོགས་ཡོངས་སུ་སྨན་པར་མཐོང་ཆེན་དང་འཕྲོད་བསྟེན་ལ་སྣང་ཆེན་བྱེད་པའི་ཁོར་ཡུག་བཟང་པོ་ཞིག་གཏོད་དགོས། སྨན་དོན་ལས་དོན་པར་སྲུང་སྐྱོབ་དང་། སེམས་ཁུར། གཅེས་སྐྱོང་བཅས་བྱེད་ཤུགས་ཆེ་རུ་གཏོང་བ་དང་། སྨན་དོན་མི་སྣའི་སྤྱི་ཚོགས་ཀྱི་གནས་བབ་མཐོ་རུ་གཏོང་བ། སྨན་ཁང་གི་བདེ་སྲུང་སྟོབས་ཤུགས་དང་སྒྲིག་བཀོད་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ཏེ། སྨན་ཁང་དུ་ཟིང་སློང་བ་དང་སྨན་པར་རྨས་སྐྱོན་གཏོང་བའི་གཏུམ་སྤྱོད་ཀྱི་བྱེད་སྤྱོད་ལ་ཁྲིམས་ལྟར་རྡུང་རྡེག་ཚ་ནན་གཏོང་དགོས། རྒྱ་ཆེའི་སྨན་དོན་ལས་དོན་པ་ཚོས་སྨན་པའི་ཀུན་སྤྱོད་ཡག་པོ་སྲུང་བ་དང་སྨན་བཅོས་ལག་རྩལ་ཡག་པོ་སྦྱངས་ཏེ། ནད་པའི་ནད་ཀྱི་སྡུག་བསྔལ་སེལ་མཁན་གྱི་སྨན་པ་བཟང་པོ་ཞིག་བྱས་ནས་མི་དམངས་མང་ཚོགས་ལ་དེ་བས་སྤུས་ལེགས་ཕན་ཆེའི་བདེ་ཐང་གི་ཞབས་འདེགས་ཧུར་ཐག་ཞུ་དགོས།

   ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། སློབ་གསོ་ནི་རྒྱལ་ཁབ་ཀྱི་ཇུས་ཆེན་དང་ཏང་གི་ཇུས་ཆེན་ཡིན། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་ཀྱི་སྤྱི་ཡོངས་ཀྱི་མཐོ་ཚད་ཐོག་ནས་ཏང་དང་རྒྱལ་ཁབ་ཀྱི་ཆེད་དུ་ཤེས་ལྡན་མི་སྣ་གསོ་སྐྱོང་བྱས་ཏེ། ཀུན་སྤྱོད་ལ་བརྟེན་ནས་མི་སྣ་གསོ་སྐྱོང་བྱ་རྒྱུ་དེ་བསམ་བློ་ཀུན་སྤྱོད་ཀྱི་སློབ་གསོ་དང་། རིག་གནས་ཤེས་བྱའི་སློབ་གསོ། སྤྱི་ཚོགས་ལག་ལེན་གྱི་སློབ་གསོ་བཅས་ཀྱི་ལྷུ་ཚིགས་ཁག་ནང་མཉམ་འདྲེས་བྱེད་པ་དང་། རྨང་གཞིའི་སློབ་གསོ་དང་། ལས་རིགས་སློབ་གསོ། མཐོ་རིམ་སློབ་གསོ་བཅས་ཀྱི་ཁྱབ་ཁོངས་ཁག་ཏུ་ཁྱབ་པར་བྱེད་པ། རིག་ཚན་གྱི་མ་ལག་དང་། སློབ་ཁྲིད་ཀྱི་མ་ལག བསླབ་གཞིའི་མ་ལག དོ་དམ་གྱི་མ་ལག་བཅས་འཛུགས་སྐྱོང་གི་ཕྱོགས་ཁག་ཏུ་མཚོན་པར་བཅས་བྱས་ནས་རྨང་གཞི་བརྟན་གཏོང་དང་བླ་སྲོག་གཏོད་པ་དང་། བློ་སྒོ་འབྱེད་པ་དང་མི་སེམས་ལ་ཟུག་པར་བྱེད་དགོས། རང་རྒྱལ་གྱི་སྒྱུར་བཅོས་དང་འཕེལ་རྒྱས་ཀྱི་ལག་ལེན་ཁྲོད་ནས་ལྟ་བ་གསར་པ་འདོན་པ་དང་རིགས་པའི་གཞུང་ལུགས་གསར་པ་བཙུགས་ཏེ། ཀྲུང་གོའི་ཁྱད་ཆོས་དང་། ཀྲུང་གོའི་ཉམས་འགྱུར། ཀྲུང་གོའི་རྣམ་པ་བཅས་ལྡན་པའི་རིག་ཚན་གྱི་མ་ལག་དང་། རིག་གཞུང་གི་མ་ལག གཏམ་གླེང་གི་མ་ལག་བཅས་ཧུར་ཐག་འཛུགས་དགོས། སྤུས་ཚད་མཐོ་བའི་སློབ་གསོའི་མ་ལག་འཛུགས་རྒྱུར་དམིགས་ཏེ། སློབ་གསོས་སྒྱུར་བཅོས་ལ་གདེང་འཇོག་བྱེད་པ་སྣེ་ཁྲིད་དུ་བྱས་ནས་མི་སྐྱོང་ཐབས་དང་། སློབ་གཉེར་བྱེད་ཐབས། དོ་དམ་སྒྲིག་སྲོལ། འགན་སྲུང་ལམ་སྲོལ་བཅས་ཀྱི་སྒྱུར་བཅོས་ལ་སྤྱི་འདོམས་སྐུལ་འདེད་གཏོང་དགོས། སློབ་གསོས་གསར་གཏོད་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བའི་ནུས་པ་ཆེ་རུ་བཏང་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་ཆུ་ཚད་མཐོ་བའི་རང་ཚུགས་རང་སྟོབས་དང་འཚམ་པའི་ཤེས་ལྡན་པ་སྣ་ཚོགས་དེ་བས་མང་བ་གསོ་སྐྱོང་བྱེད་དགོས། མང་ཚོགས་ཁྲོད་བསམ་འཆར་ཆེན་པོ་ཡོད་པའི་མངོན་གསལ་དོད་པའི་གནད་དོན་དང་སློབ་གསོར་ཁ་གཡར་ནས་མང་ཚོགས་ཀྱི་ཁེ་ཕན་ལ་གནོད་འཚེ་བཟོ་བའི་བྱེད་སྤྱོད་ལ་ལྷོད་གཡེང་མི་གཏོང་བར་དམ་འཛིན་བྱས་ཏེ་མཐའ་གཅིག་ཏུ་ཡོ་བསྲང་བྱེད་དགོས།

   ཞི་ཅིན་ཕིང་གིས་བསྟན་དོན། དགེ་རྒན་ནི་སློབ་གསོའི་ལས་དོན་གྱི་སྟོབས་ཤུགས་གཙོ་བོ་རེད། སྤུས་ཚད་མཐོ་བའི་དགེ་རྒན་ཡོད་ཚེ་ད་གཟོད་སྤུས་ཚད་མཐོ་བའི་སློབ་གསོ་ཡོང་ཐུབ། དགེ་རྒན་བཟང་པོ་ཞིག་བྱེད་པར་སློབ་ཁྲིད་ལ་བརྟེན་ནས་མི་སྣ་སྐྱོང་བ་མཐའ་འཁྱོངས་དང་། སློབ་གསོར་དགའ་ཞེན་གྱི་ངེས་ཤུགས་དང་ཁེ་གྲགས་དོན་གཉེར་མི་བྱེད་པའི་རང་གཤིས་ལྡན་དགོས་པ་མ་ཟད། ཕུགས་བསམ་དང་དང་སེམས། ཀུན་སྤྱོད་བཟང་པོ། ཤེས་བྱའི་རྨང་གཞི་བརྟན་པ། གཅེས་སེམས་དང་བྱམས་སེམས་བཅས་ཀྱང་ལྡན་དགོས། བསམ་བློ་ཆབ་སྲིད་ཀྱི་རིགས་པའི་གཞུང་ལུགས་སློབ་ཁྲིད་བྱེད་མཁན་རྒྱ་ཆེའི་དགེ་རྒན་ཚོས་ཆབ་སྲིད་ཀྱི་གོ་རྟོགས་མཐོ་བ་དང་། བརྩེ་བ་ཟབ་པ། བསམ་བློ་གསར་པ་ལྡན་པ། མིག་རྒྱང་རིང་བ། རང་གཅུན་ནན་པ། མི་གཤིས་བཟང་བ་བཅས་བྱེད་དགོས། དགེ་རྒན་གྱི་ཀུན་སྤྱོད་འཛུགས་སྐྱོང་གནས་བབ་གལ་ཆེན་ཐོག་འཇོག་པ་དང་། རྒྱ་ཆེའི་དགེ་རྒན་ཚོས་སློབ་གསོའི་ལས་དོན་པ་རྒན་གྲས་ཀྱི་སྒེར་སེམས་མེད་པའི་བླ་མེད་སྤྱོད་བཟང་གི་སྙིང་སྟོབས་རྒྱུན་འཛིན་དང་དར་སྤེལ་གཏོང་བར་ཁྲིད་སྟོན་བྱས་ཏེ། བློ་དཀར་གྱི་བསམ་པ་དང་། ལེགས་སྐྱེས་འབུལ་བའི་བསམ་པ། གཅེས་སེམས་ཀྱི་བསམ་པ་བཅས་ལ་བརྟེན་ནས་སློབ་གསོའི་བྱ་གཞག་ལ་ཞུགས་དགོས། དབུས་ནུབ་རྒྱུད་ཀྱི་དར་རྒྱས་འགོར་བའི་ས་ཁུལ་གྱི་དགེ་རྒན་དུས་བཀག་ལྟར་གསོ་སྐྱོང་དང་གནད་སྨིན་སྦྱོང་བརྡར་ལ་ཤུགས་སྣོན་བརྒྱབ་སྟེ། གྲོང་གསེབ་ཀྱི་དགེ་རྒན་ལ་རྒྱབ་སྐྱོར་བྱེད་པའི་འཆར་གཞི་ལག་བསྟར་གཏིང་ཟབ་བྱེད་དགོས། ཏང་ཡོངས་དང་སྤྱི་ཚོགས་ཡོངས་ཀྱིས་དགེ་རྒན་ལ་བརྩི་བཀུར་དང་སློབ་གསོར་མཐོང་ཆེན་བྱེད་པའི་སྤྱི་ཚོགས་ཀྱི་དར་སྲོལ་བཟང་པོ་དར་སྤེལ་ཤུགས་ཆེན་བཏང་ནས། ཕུལ་བྱུང་ཤེས་ལྡན་མི་སྣས་སློབ་གསོའི་ལས་ལ་ཧུར་ཐག་གཞོལ་བ་དང་། རྒྱ་ཆེའི་དགེ་རྒན་ཚོས་རང་ཉིད་ཀྱི་འཇོན་ཐང་གང་ལེགས་ངོམ་པ། དགེ་རྒན་བཟང་པོ་ཟམ་མི་ཆད་པར་ཐོན་པ་བཅས་ཀྱི་རྣམ་པ་བཟང་པོ་ཞིག་ཆགས་རྒྱུར་སྐུལ་འདེད་གཏོང་དགོས།

   ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། རང་རྒྱལ་གྱི་རྒྱ་ཆེའི་བུད་མེད་ཚོས་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བྱ་གཞག་ལ་ཧུར་ཐག་ཞུགས་ཏེ། མཛངས་མའི་ཞུམ་མེད་ཀྱི་སྤོབས་སེམས་དང་ཧུར་སེམས་ལ་བརྟེན་ནས“གནམ་ཕྱེད་ཀ་འདེགས་པའི”ནུས་པ་གལ་ཆེན་ཐོན་པར་བྱས་ཡོད། ལྷག་པར་དུ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་པའི་རྒྱལ་ཁ་ཕུ་ཐག་གཅོད་པ་དང་། དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་པ། ཏོག་གསར་གློ་ཚད་རིམས་ནད་ལ་འགོག་རྒོལ་བྱེད་པ་སོགས་ཀྱི་འཐབ་ཕྱོགས་ཁག་ཏུ་རྒྱ་ཆེའི་བུད་མེད་ཚོས་དཔའ་ངར་ཆེར་སྐྱེད་ཀྱིས་སྔོན་ཐོན་བརྩོན་ལེན་དང་དཀའ་སྤྱད་འབད་འཐབ་བྱས་ནས་དུས་རབས་གསར་པའི་བུད་མེད་ཀྱི་ཉམས་འགྱུར་གང་ལེགས་མངོན་པར་བྱས་ཡོད།

   ཞི་ཅིན་ཕིང་གིས་བསྟན་དོན། ཏང་དང་རྒྱལ་ཁབ་འཕེལ་རྒྱས་ཀྱི་བརྗིད་ཆེའི་འཆར་གཞི་མངོན་འགྱུར་བྱེད་པར། བུད་མེད་ཚུད་པའི་ཀྲུང་ཧྭ་བུ་ཕྲུག་ཚང་མས་ཐུན་མོང་ཐོག་འབད་འཐབ་བྱེད་དགོས། རྒྱ་ཆེའི་བུད་མེད་ཚོས་རླབས་ཆེའི་བྱ་གཞག་གི་འཛུགས་སྐྲུན་པ་དང་། ཤེས་དཔལ་དང་དར་སྲོལ་དར་སྤེལ་གཏོང་མཁན། ཕུགས་བསམ་བརྩོན་ལེན་བྱེད་ཕོད་པའི་འབད་འཐབ་པ་བཅས་བྱས་ནས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་རྒྱང་སྐྱོད་ཀྱི་ལམ་གསར་པར་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱ་ཆེད་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་བའི་རེ་བ་ཡོད། རིམ་ཁག་བུད་མེད་མཉམ་འབྲེལ་ལྷན་ཚོགས་རྩ་འཛུགས་ཀྱིས་རྒྱ་ཆེའི་བུད་མེད་ཚོས་ཏང་གི་བཀའ་ལ་ཉན་པ་དང་ཏང་གི་རྗེས་སུ་འབྲང་བའི་ཆབ་སྲིད་ཀྱི་འགན་འཁྲི་འཁུར་བར་ཁྲིད་སྟོན་བྱེད་པ་དང་། རྒྱ་ཆེའི་བུད་མེད་ཀྱི་ལོ་རྒྱུས་ཀྱི་འགན་འཁྲིའི་བསམ་པ་དང་བདག་པོའི་སྙིང་སྟོབས་འཕེལ་བར་བྱས་ནས། རང་རྒྱལ་གྱི་བུད་མེད་ཀྱི་བྱ་གཞག་ལ་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་གསར་པ་འབུལ་དགོས། རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་བུད་མེད་ཀྱི་བྱ་གཞག་འཕེལ་རྒྱས་གཏོང་བ་དང་བུད་མེད་ཀྱི་ལས་དོན་ཡག་པོ་སྒྲུབ་པའི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གང་ལེགས་བྱེད་པ་དང་། བུད་མེད་ལ་མཐོང་ཆེན་དང་། ཐུགས་ཁུར། རྒྱབ་སྐྱོར་བཅས་བྱེད་པར་ཤུགས་སྣོན། བུད་མེད་ཀྱི་ཁེ་དབང་ལ་གནོད་འཚེ་གཏོང་བའི་ཁྲིམས་འགལ་ཉེས་གསོག་བྱེད་སྤྱོད་ལ་རྡུང་རྡེག་ཚ་ནན་གཏོང་བ་བཅས་བྱས་ནས་བུད་མེད་ཀྱི་ཁེ་དབང་ཁྲིམས་ལྟར་སྲུང་སྐྱོང་བྱེད་དགོས།

   ཏིང་ཞུའེ་ཞང་དང་། ཀྲང་ཆིང་ལི། དབན་ཀང་། ལུའུ་ཀྲན་ཀུང་། ལི་པིན་སོགས་མཉམ་འབྲེལ་ཚོགས་ཆུང་གི་ཚོགས་འདུར་ཞུགས་ཡོད་པ་རེད།

  • ལེ་ཚན་སྔོན་མ།:སྲིད་གཞུང་གི་ལས་དོན་སྙན་ཞུ་ཡི་ནང་དོན་གནད་བསྡུས།
  • ལེ་ཚན་རྗེས་མ།:ཞི་ཅིན་ཕིང་མཚོ་སྔོན་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས་པ།
  • དོ་སྣང་ཆེ་བའི་རྩོམ།