ཏང་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་རིམ་བྱུང་གི་ངོ་སྤྲོད། ༡

ནོར་བུས་བསྒྱུར།        2021-03-08

ཏང་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་རིམ་བྱུང་གི་ངོ་སྤྲོད། ༡

   ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་དང་པོའི་ངོ་སྤྲོད་མདོར་བསྡུས།


   1921ལོའི་ཟླ6པའི་ཟླ་མགོར། གུང་ཁྲན་རྒྱལ་སྤྱིའི་འཐུས་མི་མ་ལིན་དང་གུང་ཁྲན་རྒྱལ་སྤྱིའི་ཨེ་ཤ་ཡ་ཤར་རྒྱུད་ཀྱི་ཧྲུའུ་ཅི་ཁྲུའུ་ཡི་འཐུས་མི་ཉི་ཁེ་ཨེར་སི་ཅི་སྔ་གཞུག་ཏུ་ཧྲང་ཧའེ་ལ་བསླེབས་པར་མ་ཟད། ཧྲང་ཧའེ་ཡི་གུང་ཁྲན་ཏང་གི་ཐོག་མའི་རྩ་འཛུགས་ཀྱི་ཚོགས་མི་ལི་ཏ་དང་ལི་ཧན་ཅུན་གཉིས་ལ་འབྲེལ་བ་བཙུགས། ཐེངས་དུ་མར་གླེང་མོལ་བྱས་མཐར། ཁོ་ཚོས་མགྲིན་གཅིག་ཏུ་མྱུར་དུ་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་བསྡུས་ཏེ། ཀྲུང་གོ་གུང་ཁྲན་ཏང་དངོས་སུ་འཛུགས་དགོས་པའི་ངོས་འཛིན་བྱུང་། ལི་ཏ་དང་ལི་ཧན་ཅུན་གཉིས་ཀྱིས་ཁྲེན་ཏུའུ་ཞིའུ་དང་ལི་ཏ་ཀྲའོ་གཉིས་ལ་འཕྲིན་ཡིག་ཐོག་ནས་གྲོས་མོལ་བྱས་ཏེ། ཧྲང་ཧའེ་རུ་ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་དང་པོ་འཚོག་རྒྱུར་ཐག་བཅད།

   རྒྱལ་ནང་གི་ས་གནས་སོ་སོའི་ཏང་རྩ་འཛུགས་དང་འཇའ་པན་དུ་སྡོད་པའི་ཏང་རྩ་འཛུགས་ཀྱིས་བསྡོམས་པས་འཐུས་མི13མངགས་ནས་ཏང་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་དང་པོར་ཞུགས་པ་སྟེ། ཁོང་ཚོ་ནི། ཧྲང་ཧའེ་ཡི་ལི་ཏ་དང་ལི་ཧན་ཅུན། ཝུའུ་ཧན་གྱི་ཏུང་པི་ཝུའུ་དང་ཁྲེན་ཐེན་ཆིའུ། ཁྲང་ཧྲ་ཡི་མའོ་ཙེ་ཏུང་དང་ཧོ་ཧྲུའུ་ཧེང་། ཅི་ནན་གྱི་ཝང་ཅིན་མེ་དང་ཏེང་ཨེན་མིང་། པེ་ཅིང་གི་ཀྲང་གོ་ཐའོ་དང་ལིའུ་རེན་ཅིན། ཀོང་ཀྲོའུ་ཡི་ཁྲེན་ཀུང་པོ། འཇའ་པན་དུ་སྡོད་པའི་ཀྲོའུ་ཧྥོ་ཧའེ། དེ་མིན་ཁྲེན་ཏུའུ་ཞིའུ་ཡིས་དམིགས་འཛུགས་བྱས་པའི་འཐུས་མི་པའོ་ཧུའེ་སེང་བཅས་ཡིན་ཞིང་། ཁོ་ཚོས་ཏང་ཡོན་ལྔ་བཅུ་ལྷག་གི་ཚབ་བྱས་ཡོད། གུང་ཁྲན་རྒྱལ་སྤྱིའི་འཐུས་མི་མ་ལིན་དང་ཉི་ཁེ་ཨེར་སི་ཅི་ཚོགས་ཆེན་ལ་ཞུགས། ཁྲེན་ཏུའུ་ཞིའུ་དང་ལི་ཏ་ཀྲའོ་གཉིས་ལས་དོན་བྲེལ་བ་ཆེ་བས་ཚོགས་འདུར་ཞུགས་ཐུབ་མེད།

   ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་དང་པོ་དེ1921ལོའི་ཟླ7པའི་ཚེས23ཉིན་གྱི་དགོང་མོར་འཚོགས་ཤིང་། ཚོགས་ར་ཧྲང་ཧའེ་ཡི་ཧྥ་རན་སིའི་བཙན་གཡར་ས་ཆའི་ཝང་ཀྲི་ལམ་གྱི་ཨང106པར་བཙུགས་པ་རེད།

   གུང་ཁྲན་རྒྱལ་སྤྱིའི་འཐུས་མི་མ་ལིན་གྱིས་ཐོག་མར་ཤིས་ཚིག་ཕུལ་ནས་ཀྲུང་གོ་གུང་ཁྲན་ཏང་བཙུགས་པར་བཀྲ་ཤིས་བདེ་ལེགས་ཞུས་པ་རེད། ཁོང་གིས་གུང་ཁྲན་རྒྱལ་སྤྱིའི་གནས་ཚུལ་མདོར་བསྡུས་ངོ་སྤྲོད་བྱས་པར་མ་ཟད། གྲོས་ཚོགས་ཀྱི་འཕེལ་རིམ་དུས་ཐོག་ཏུ་གུང་ཁྲན་རྒྱལ་སྤྱིའི་ཨེ་ཤ་ཡ་ཤར་རྒྱུད་ཀྱི་ཧྲུའུ་ཅི་ཁྲུའུ་ལ་སྙན་སེང་ཞུ་བའི་གྲོས་འགོ་བཏོན་པ་རེད། དེ་རྗེས་འཐུས་མི་ཚོས་ཚོགས་ཆེན་གྱི་ལས་འགན་དང་གྲོས་རིམ་ལ་གྲོས་བསྡུར་ཞིབ་ཕྲ་གནང་བ་རེད།

   ཟླ་བ7པའི་ཚེས24ཉིན། ས་གནས་སོ་སོའི་འཐུས་མིས་ཚོགས་ཆེན་ལ་རང་ས་ཁུལ་གྱི་ཏང་དང་གུང་གཞོན་ཚོགས་པའི་རྩ་འཛུགས་ཀྱི་གནས་ཚུལ་ཡར་ཞུ་བྱས། ཟླ་བ7པའི་ཚེས25དང26ཉིན་ངལ་གསོ་ཉིན་གཉིས་བྱས་པ་དང་། དུས་ཚོད་དེའི་ནང་ཀྲང་གོ་ཐའོ་དང་ལི་ཏ། ཏུང་པི་ཝུའུ་བཅས་ཀྱིས་ཚོགས་འདུར་གྲོས་བསྡུར་བྱེད་ཡས་སྤྲད་རྒྱུའི་ཏང་གི་རྩ་འཛིན་དང་མ་འོངས་པའི་བྱ་བ་དངོས་ཀྱི་འཆར་གཞི་འཆར་ཟིན་བྲིས་པ་རེད། ཟླ་བ7པའི་ཚེས27དང་ཚེས28ཚེས29བཅས་བསྟུད་མར་ཉིན་གསུམ་ལ་གྲོས་ཚོགས་ཐེངས་གསུམ་འཚོགས་ཏེ། ཏང་གི་རྩ་འཛིན་དང་གྲོས་ཆོད་ལ་ཅུང་ཞིབ་པའི་གྲོས་བསྡུར་བྱས་པ་རེད།

   ཏང་གི་ཚོགས་ཆེན་ཐེངས་དང་པོའི་ཐོག་གྲོས་འཆམ་བྱུང་བའི་ཀྲུང་གོའི་གུང་ཁྲན་ཏང་གི་རྩ་འཛིན་ནང་དུ་ཏང་གི་མིང་ལ“ཀྲུང་གོ་གུང་ཁྲན་ཏང”ཞེས་གཏན་ལ་ཕབ་ཡོད་ཅིང་། ཏང་གི་རྩ་འཛིན་གཏན་འབེབས་འདི་ལྟར་བྱས་པ་སྟེ། གསར་བརྗེའི་དམག་དཔུང་གིས་ངེས་པར་དུ་འབྱོར་མེད་གྲལ་རིམ་དང་མཉམ་དུ་མ་རྩ་ཅན་གྲལ་རིམ་གྱི་སྲིད་དབང་རྩ་སློག་གཏང་དགོས་པ་དང་། འབྱོར་མེད་གྲལ་རིམ་གྱི་སྲིད་དབང་སྒེར་འཛིན་ཁས་བླངས་ཤིང་གྲལ་རིམ་འཐབ་རྩོད་མཇུག་གྲིལ་བའི་བར་དུ་སྟེ་སྤྱི་ཚོགས་ཀྱི་གྲལ་རིམ་དབྱེ་བ་རྩ་མེད་མ་གཏང་བར་ཁས་བླང་དགོས། མ་རྩ་ཅན་སྒེར་ལ་དབང་བའི་ལམ་ལུགས་རྩ་མེད་དུ་གཏང་བ་དང་། འཕྲུལ་འཁོར་དང་། ས་ཞིང་། བཟོ་ཁང་། ཕྱེད་གྲུབ་ཐོན་རྫས་སོགས་ཐོན་སྐྱེད་རྒྱུ་ཆ་གཞུང་བཞེས་བཏང་སྟེ་སྤྱི་ཚོགས་ལ་དབང་བར་བྱ་རྒྱུ། གུང་ཁྲན་རྒྱལ་སྤྱི་དང་མཉམ་འབྲེལ་བྱ་རྒྱུ་བཅས་སོ།། རྩ་འཛིན་ནང་བཟོ་པ་དང་ཞིང་པ། དམག་མི་བཅས་སྒྲིག་འཛུགས་བྱ་དགོས་ཞེས་གསལ་པོར་བཏོན་པར་མ་ཟད། ཏང་གི་རྩ་བའི་ཆབ་སྲིད་ཀྱི་དམིགས་ཡུལ་ནི་སྤྱི་ཚོགས་གསར་བརྗེ་བྱ་རྒྱུ་དེ་ཡིན་པར་གཏན་འཁེལ་བྱས་ཡོད།

   ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་དང་པོས་ཀྲུང་གོ་གུང་ཁྲན་ཏང་དངོས་སུ་བཙུགས་པ་ཁྱབ་བསྒྲགས་བྱས་པ་རེད། དུས་དེ་ནས་བཟུང་། གནའ་བོའི་རྗེས་ལུས་ཀྱི་ཀྲུང་གོར་རྣམ་པ་གསར་པ་ཅན་དང་། མར་ཁེ་སི་ལེ་ཉིན་རིང་ལུགས་ཀྱིས་བྱ་སྤྱོད་ཀྱི་ཕྱོགས་སྟོན་བྱས་ཤིང་། སྤྱི་ཚོགས་རིང་ལུགས་དང་གུང་ཁྲན་རིང་ལུགས་མངོན་འགྱུར་ཡོང་བར་འབད་བརྩོན་གྱི་དམིགས་ཡུལ་འཛིན་པའི་གཅིག་གྱུར་གྱི་འབྱོར་མེད་གྲལ་རིམ་གྱི་སྲིད་ཏང་ཞིག་བྱུང་བ་རེད། དེ་ནི་ཀྲུང་གོའི་ལོ་རྒྱུས་ཐོག་གི་དོན་ཆེན་ཞིག་རེད།

(རྩོམ་ཡིག་འདི་ནི《ཀྲུང་གོ་གུང་ཁྲན་ཏང་གི་ལོ་རྒྱུས་ཀྱི་བམ་པོ་དང་པོ(1921ལོ་ནས1949ལོའི་བར)》གྱི་སྟོད་ཆ་ལས་བཤུས་བསྒྲིགས་བྱས།)

  • ལེ་ཚན་སྔོན་མ།:སྡེ་དགེའི་རྫ་བར་མ་ནས་གསའ་ཞིག་མཐོང་བ།
  • ལེ་ཚན་རྗེས་མ།:རྒྱལ་ཡོངས་དམངས་ཆེན་འཐུས་མི་ཞའོ་ཡིའུ་ཚའེ་ཡིས་གྲོས་མགོ་འདི་དག་བཏོན།
  • དོ་སྣང་ཆེ་བའི་རྩོམ།