དུས་ཚོད་ཀྱི་གཙང་བོར་ནུབ་དོགས་ཀྱི་སེམས་ཁྲལ།

        2021-03-05

དེ་རིང་གི་དུས་ཚོད་ཀྱང་སྙིང་བོ་ཅི་ཡང་མེད་པའི་ངང་ནས་མཇུག་བསྡུས་སོང་། མ་གཞིར་དུས་ཚོད་བརྒྱ་སྟོང་གིས་གྲུབ་པའི་མི་ཞིག་གི་སྐྱེ་འཆིའི་དུས་ཚོད་ནི་སྙིང་བོའི་སྟོང་བ་ཞིག་ཡིན་ནམ། ངས་མི་ལོ་ཉི་ཤུའི་འཚོ་བ་ནི་སྐྱོ་གཞས་དང་སྐྱོ་གླུ་ཡིས་བསྐྱལ་ཡོང་། ཨ་ཁ། མི་ལོ་ཉི་ཤུའི་རྐང་རྗེས་ནང་དུ་འཁྱག་ཤུར་ཤུར་གྱི་གཏམ་རྒྱུད་དང་། གྲང་ཤུར་ཤུར་གྱི་འདས་དོན་ལས་ཅི་ཞིག་འདུག་ཨང་། ངའི་མི་ལོ་ཉི་ཤུའི་སྙིང་བོ་ནི་སྐྱོ་སྣང་ཁོ་ན་ལས་མི་འདུག

ད་བར་ངས་ཉིན་བཞིན་སྤྲོ་སྣང་རྒྱུན་སྐྱོང་བྱེད་བཞིན་ཡོད། འོན་ཀྱང་། སྤྲོ་སྣང་ཡོད་ཚད་ཀྱི་མཇུག་ནི་སྐྱོ་སྣང་ཁོ་ན་ལས་མི་འདུག ངའི་སྐྱེ་བ་ད་ཐེངས་ཀྱི་མི་ཚེ་འདི་མ་གཞི་ནས་སྐྱོ་སྣང་གིས་གྲུབ་པར་གཏན་ཁེལ་བྱས་ཡོད་པ་ཞིག་ཡིན་ནམ། ཡང་ན་ངའི་མི་ཚེའི་མགོ་རྩོམ་ཚུལ་དེ་སྐྱོ་སྣང་དང་འདྲེས་ཡོད་པ་ཞིག་ཡིན་སོང་བ་རེད་དམ། ངས་གཏན་ནས་ཤེས་མ་སོང་།

འཁོར་རིགས་ཀྱི་འཚང་ཁའི་བར་ན་ལུས་པའི་དུས་ཚོད་འདི། ཁང་བརྩེགས་ཀྱི་གྲིབ་མའི་ནང་དུ་ལྷུང་བའི་སྐར་ཆ་རེ། ངས་རང་ཉིད་ཀྱི་མི་ཚེ་འདིའི་ཐེད་ཁུང་བསུབ་བྱེད་ཀྱི་ལྷན་པ་རུ་ཇི་ལྟར་བྱ་འམ། གྲོགས་པོ་ཚོའི་ངོ་གདོང་དུ་ཁེངས་དྲེགས་ཀྱི་གཡའ་དང་། རང་འདོད་ཀྱི་སྨག་གིས་ཟིན། ལམ་གློག་ལྗང་ཁུ་ལ་སྒུག་པའི་འདུ་འཛི་ཆེ་བའི་མི་ཚོགས། གཞུང་ལམ་སྟེང་གི་ལམ་རྟགས་དཀར་པོ་ལས་ཚུར་རོལ་ཏུ་བརྒལ་ཚེ། ངས་འདུན་པ་ཟེར་བ་ཞིག་གང་ནས་འཚོལ། ངས་སྙིང་བོ་ཟེར་བ་ཞིག་ཀྱང་གང་ནས་རྙེད།

ང་རང་རང་སེམས་ཀྱི་ལ་མགོར་བུད་ནས་རྒྱང་ལྟ་མ་བྱས་ཀྱང་། ངས་རང་ཉིད་ཀྱི་འདས་དུས་ནི་ཆུ་མོ་བཞིན་གཉོམ་དུང་དུང་ཞིག་ཡིན་པ་ཤེས། གཉོམ་དུང་གི་མྱོང་བས་ང་རང་སྐྱེས་བ་སྟོང་ཕྲག་མང་པོར་ཁུ་སིམ་པའི་རྒྱང་རིང་དུ་གཡུགས། ཁུ་སིམ་གྱི་ཚོར་བས་ང་ལ་ཚད་མེད་པའི་ན་ཟུག་སྟེར། ལྷག་ཏུ་དྲན་གདུང་སྦྱིན། ངས་སྔོན་ལ་ཁུ་སིམ་པའི་མེ་ལོང་ནང་དུ་ལྟ་བར་མོས། ཁུ་སིམ་ནི་ཡོད་ཚད་ཡིན་སྙམ། ཡིན་ཡང་འགྱུར་ལྡོག་གི་རླུང་བུ་གཡུག་ཐེངས་གཅིག་གིས། ང་རང་ཁུ་སིམ་ལ་སུན་ཞིང་སྡང་བར་གྱུར།

མི་ནི་འགྱུར་སླ་བ་ཞིག་རེད། འགྱུར་སླ་བ་ནི་མིའི་རང་གཤིས་ཤིག་ཡིན་ནམ། དུས་ཚོད་ཀྱི་འགྱུར་ལྡོག་གློག་ལས་མྱུར་བའི་ད་ཚོད་ལ། ཡོད་ཚད་འགྱུར་ལྡོག་སླ་བའི་རྐྱེན་པས་ངས་ཚོད་མེད་པའི་སེམས་པ་ཞིག་གང་ལའང་གཏོད་ཐབས་མི་འདུག སེམས་ཀྱི་གཏོད་ཡུལ་ཕྱི་རོལ་ཏུ་འགྱུ་བ་བཀག་པ་དེས་ང་རང་སྔར་བཞིན་ཁུ་སིམ་གྱི་ནང་དུ་ལྷུང་། ངས་ཁུ་སིམ་གྱི་ནང་དུ་ལྷུང་བ་ནི་དུས་ཚོད་ཀྱི་འོབས་དོང་དུ་ལྷུང་བ་ཡིན་སྣང་འབྱུང་།

ངའི་མ་འོངས་པའང་ཁུ་སིམ་སིལ་གྱིས་རོལ་དགོས་སམ། སྐྱོ་དུང་དུང་གི་བསྐྱལ་དགོས་སམ། ང་རང་ཤིན་ཏུ་འཇིགས། ང་རང་འདི་ལྟར་དུས་ཚོད་ཀྱི་གཙང་བོར་ནུབ་དོགས་ཀྱིས་བྲེལ་འཚབ་ལངས།།

༼ བཙན་མི། ༽

  • ལེ་ཚན་སྔོན་མ།:ཤིང་གི་དྲིན་ལན། སྟ་རེས་ལོག་འཇལ།
  • ལེ་ཚན་རྗེས་མ།:སྙིང་ཉེ་བའི་མི་ལགས། ས་རུབ་ཀྱིན་འདུག