ཀུན་དགའ་བརྩོན་འགྲུས།

ཀུན་བཟང་དཔལ་མོ།        2021-03-04

    

ཀུན་དགའ་བརྩོན་འགྲུས།

   ལྷ་བཟོ་བ་ཀུན་དགའ་བརྩོན་འགྲུས་ནི་མདོ་ཁམས་སྡེ་དགེ་ལྷུན་གྲུབ་སྟེང་གི་གདན་སའི་ཉེར་འཁྲིས་སུ་སྤྱི་ལོ་༡༩༦༨ལོར་སྐྱེས་ཤིང་། ཆུང་དུས་ནས་སློང་ཆུང་དུ་ཞུགས་ཏེ་སྐད་ཡིག་སོགས་སློབ་སྦྱོང་མཛད། དེ་ནས་ལོ་བཅུ་ཤས་རིང་སྡེ་དགེ་པར་ཁང་ཆེན་མོའི་ནང་དུ་པར་བརྐོས་ལ་ཞུགས་ཤིང་ལྷ་པར་དང་ཡིག་པར་བརྐོས་མཛད་པས་བཟོ་རིག་ལ་བག་ཆགས་བཟང་པོའི་འགོ་ཚུགས།      སྔོན་རྗེས་སུ་བོད་ཀྱི་བཟོ་རིག་སྒྱུ་རྩལ་ལ་དུང་ཞེན་ཧ་ཅང་ཟབ་པའི་རྐྱེན་བྱས་ནས། ཆུ་ངོགས་དགོན་གྱི་མཆོག་སྤྲུལ་འཇིམ་བཟོ་བ་གྲགས་ཅན་ཐུབ་བསྟན་ཚེ་རིང་མཆོག་ལ་བསྟེན་ནས་ལོ་བཅོ་ལྔ་ཙམ་གྱིས་རིང་ལ་ལྷ་སྐུ་བཟོ་བའི་ལག་ཤེས་འབད་བརྩོན་ཆེན་པོས་བསླབས་ཅིང་ལག་ལེན་གནང་ནས་འཇིམ་བཟོའི་ལག་ཤེས་ཀུན་གྱི་ཡང་རྩེར་སོན།  ལྷ་བྲིས་པ་ཀུན་གྱི་མེས་པོ་ཐང་ལྷ་ཚེ་དབང་མཆོག་གི་སྐུ་མདུན་དུ་ལོ་གསུམ་གྱི་རིང་ལ་ལྷ་དང་དཀྱིལ་འཁོར་སོགས་ཀྱི་ཐིག་རྩ་དང་།  རི་མོ། ཚོན་སྡེབ་སྦྱོར་སོགས་ལེགས་པར་བསླབས་ཤིང་བཟོ་རིག་ལ་ཕུལ་བྱུང་གི་སྤོབས་པ་ཐོབ།  སྡེ་དགེ་སྒིས་བླ་མ་ངག་དབང་ཆོས་འཕེལ་དང་།     

    ས་སྐྱའི་བླ་མ་བློ་དགའ་སོགས་སྐྱེས་ཆེན་མང་པོ་ལས་ཟབ་ཆོས་ཀྱི་སྨིན་གྲོལ་ཡང་མང་དུ་བཞེས།  གཙང་ས་སྐྱ་གོང་དང་། ངོར་དགོན་པ། ཞྭ་ལུ།ལྗོངས་རྩེའི་དཔལ་མགོན་མཆོད་རྟེན། སྡེ་དགེ་དགོན་ཆེན་དང་པར་ཁང་། དར་མདོ་ལྷ་མོ་རྩེ་དང་།   རྡོ་རྗེ་བྲག་དགོན། འབའ་གྲུབ་པ་དགོན་དང་ཆོས་སྡེ་དགོན་སོགས་སུ་འཇིམ་བཟོའི་ལྷ་སྐུ་མང་པོ་བཞེངས།དེ་ནས་ལྟོ་གོས་ཙམ་གྱིས་བསམ་པ་རྒྱང་དུ་དོར་ནས་བོད་ཀྱི་བཟོ་རིག་རྒྱུན་སྤེལ་གྱི་བློ་སྟོབས་ཟབ་མོས་ཀུན་ནས་བསླངས་ཏེ་སྤྱི་ལོ་༢༠༠༣ལོར་ཁྲི་འདུར་ཕེབས་ནས་སྡེ་དགེའི་སྲོལ་རྒྱུན་བཟོ་རིག་དང་།རྒྱ་དཀར་ནག་དང་བལ་ཡུལ་སོགས་མི་རིགས་གཞན་གྱི་བཟོ་རིག་ལག་རྩལ་ཟུང་དུ་འབྲེལ་ཏེ་ཁྱད་ཆོས་འབུར་དུ་དོན་པ་ལྡན་པའི་སྡེ་དགེ་བཟོ་རིག་སྒྱུ་རྩལ་བཟོ་གྲྭ་ཞེས་པ་བཙུགས།སྔ་ཕྱིར་བོད་ཀྱི་དགོན་པ་དང་། རིག་དངོས་ཁང་།  གྲོང་དང་སྡེ་སོགས་ལ་རིན་ཆེན་རིགས་སྣ་ཚོགས་དང་།   ལི་དང་།  ཨར་འདམ་སོགས་ཀྱི་རྒྱུ་ལས་གྲུབ་པའི་ཉེར་བར་མཁོ་བའི་ལྷ་སྐུ་དང་།  ཞལ་འབག བློས་བསླངས། དཀྱིལ་འཁོར།མཆོད་ཆས།མི་རིགས་ཀྱི་མཛེས་ཆས་སོགས་ཐུན་མིན་བཟོ་རིག་གི་ཐོན་རྫས་དུ་མ་བསྐྲུན་ཅིང་།དེའི་རྒྱུ་དང་སྤུས་ཚད།   བཟོ་རྩལ་གྱི་ཉམས་དང་མཛེས་ཆ། གཟེངས་སུ་ཐོན་པའི་ལག་རྩལ་ལ་ཆེད་ལས་མཁས་པ་མང་པོ་དང་མང་ཚོགས་ཀྱིས་བསྔགས་བརྗོད་ཡང་ཡང་ཐོབ་ཅིང་།  རྒྱུན་དུ་ལྷག་བསམ་དང་འབད་བརྩོན་ལྷོད་མེད་བྱས་ཏེ་བཟོ་རིག་ལག་ཤེས་ཅན་གྱི་མི་སྣ་མང་པོ་གསོ་སྐྱོང་བྱས་ཏེ།  བོད་ཀྱི་བཟོ་རྒྱུན་རིང་དུ་གནས་ཤིང་འོད་སྣང་ཆེས་འབར་བའི་ལེགས་སྐྱེས་བཞག་དང་འཇོག་བཞིན་པའོ།།  

  • ལེ་ཚན་སྔོན་མ།:ལྷ་བཟོ་སྨན་སྒང་བ་ཡོན་ཏན་ཚེ་རིང་།
  • ལེ་ཚན་རྗེས་མ།: ཀུན་དགའ།