འགྲོ་བ་མི་ལ་བསྡིགས་པ།

རི་སྤྱང་།        2021-03-03

འགྲོ་བ་མི་ནི།

ས་ཡི་ཁམས་ཆེན་པོ་འདིའི་བདག་པོ་ཡིན་ནམ།

ཁོ་ཚོའི་འདོད་རྔམ་གྱི་མེ་ལྕེ་དྲག་ཏུ་འཕྱོ་ནས།

ཡོད་ཚད་ཀྱི་ཚེ་སྲོག་རྒོལ་བར་བྱེད་ཚེ།

དངོས་པོའི་ཆོས་ཉིད་ཅིག་ཅིའི་ཕྱིར་ཡོད་མི་ཆོག

ཆེས་སྐྲག་དགོས་པ་ནི་འགྲོ་བ་མི་སྟེ།

རང་ཉིད་ཀྱི་ལྟོ་གོས་གཏམ་གསུམ་གྱི་ཆེད་དུ་ཡོད་ཚད་ལ།

ཕོག་ཐུག་གཏོང་ཕོད་པའི་འགྲོ་བ་མི།

“ང་རང་རྟོག་བཏགས་ཁྲོད་ཀྱི་འདྲེ་ལ་སྐྲག་པ་ནང་བཞིན།

འགྲོ་བ་མི་ལ་ཡང་དེ་ལྟར་སྐྲག”

དངོས་པོའི་ཆོས་ཉིད་ནི།

སྐྱེ་བ་རྗེས་མ་ཞིག་ལ་སྨིན་དགོས་པ་ཞིག་ཀྱང་མ་ཡིན།

འདས་པའི་མེ་ལོང་ངོས་སུ་ཞིབ་ཏུ་ལྟོས་དང་།

རྒྱལ་པོའི་ལམ་ལུགས་བཀས་

བཀོད་ལམ་ལུགས་སོགས།

ད་ལྟ་རྡུལ་དུ་བརླགས་ནས་ཐ་སྙད་ཙམ་ལས་

མེད་པ་འདིའོ། །

འགྲོ་བ་མིས།

ཡོད་ཚད་ཀྱི་ཚེ་སྲོག་ལ་ཅི་མི་སྙམ་དུ་རྒོལ་བར་བྱེད་ན།

ནམ་ཞིག་ན་ཡོད་ཚད་སྟོང་ལྷང་ལྷང་གི་

ནམ་མཁའ་ཞིག་ཏུ།

འགྱུར་མི་ཆོག་པ་ཅིའི་ཕྱིར་ཡིན

ཉམ་ཆུང་ཆུང་གི་ཚེ་སྲོག་ལ།

དངོས་པོའི་ཆོས་ཉིད་ཅིག་ཡོད་ཚེ།

ད་ལྟ་སྨིན་མི་ཆོག་པ་ཅི་ལ་ཡོད།


  • ལེ་ཚན་སྔོན་མ།:མི་ཕྲག་དོག་ཅན་ལ་གཏོར་མ་མཆོད།
  • ལེ་ཚན་རྗེས་མ།:​དུང་བ་གསེར་གྱི་འཕྲིན་ཆུང་།