དར་མདོ་ནས་ར་རྔ་ཁ་བར་གྱི་མྱུར་བགྲོད་གཞུང་ལམ་ལས་གཞིར་ཆོག་མཆན་ཐོབ།

བདེ་ཆེན་གྱིས་བསྒྱུར།        2021-03-03

ཉེ་ཆར། རྒྱལ་སྲུང་གཞུང་ལམ4218པའི་ལམ་ཐིག་དར་མདོ་ནས་ར་རྔ་ཁ་བར་གྱི་མྱུར་བགྲོད་གཞུང་ལམ་ལས་གཞི་ལ་ཞིང་ཆེན་བཅོས་བསྒྱུར་འཕེལ་རྒྱས་ཨུ་ལྷན་གྱི་ཆོག་མཆན་ཐོབ་པ་དང་། ལས་གཞི་འདི་ལ་ཚོད་རྩིས་བྱས་ན་མ་དངུལ་སྒོར་དུང་ཕྱུར164.57གཏང་རྒྱུ་དང་། ལས་གཞི་དེPPPབྱེད་སྟངས་གཞིར་བཟུང་ནས་བསྐྲུན་རྒྱུ་ཡིན་པ་རེད།

རྒྱལ་སྲུང་གཞུང་ལམ4218པའི་ལམ་ཐིག་དར་མདོ་ནས་ར་རྔ་ཁ་བར་གྱི་མྱུར་བགྲོད་གཞུང་ལམ་ནི་ཁྲོན་བོད་ལྷོ་ལམ་ནས་བོད་ལྗོངས་སུ་བསྐྱོད་པའི་ལམ་ཆེན་གྱི་གྲུབ་ཆ་ཞིག་ཡིན་ཞིང་།《རྒྱལ་ཁབ་གཞུང་ལམ་དྲ་བའི་འཆར་འགོད(2013ལོ་ནས2030ལོའི་བར)》གྱི་རྒྱལ་སྲུང་གཞུང་ལམ4218པའི་འབྲེལ་གཏུག་ལམ་ཐིག་གཡག་རྔ་ནས་ཡེ་ཁྲེང་བར་གྱི་མྱུར་བགྲོད་གཞུང་ལམ་གྱི་གྲུབ་ཆ་ཡིན་ལ། 《སི་ཁྲོན་ཞིང་ཆེན་མྱུར་བགྲོད་གཞུང་ལམ་དྲ་བའི་འཆར་འགོད(2014ལོ་ནས2030ལོ་བར)》གྱི་ཁྲེང་ཏུའུ་ནས་དར་མདོ་དང་། དེ་ནས་བོད་ལྗོངས་བར་གྱི་མྱུར་བགྲོད་གཞུང་ལམ་གྱི་གྲུབ་ཆ་ཡིན་ཞིང་། རྒྱལ་ནང་ནས་བོད་ཁུལ་ཕན་ཚུན་སྦྲེལ་མཐུད་ཀྱི་མྱུར་བགྲོད་གཞུང་ལམ་ཆེན་པོ་ཞིག་ཀྱང་ཡིན་པ་རེད། ལས་གཞི་ལམ་ཐིག་འདི་དར་མདོ་གྲོང་ཁྱེར་གྱི་གཉའ་ལུང་མགོ་གྲོང་གསར་ནས་མགོ་བཙུགས་ཏེ་སྐྲུན་བཞིན་པའི་རྒྱལ་སྲུང་གཞུང་ལམ4218པའི་ལམ་ཐིག་གི་དར་མདོ་བརྒལ་མཚམས་ཀྱི་མྱུར་བགྲོད་གཞུང་ལམ་དང་མཐུད་ནས་ལྕེ་ཐོག་དང་བཞུགས་ཁྲི་ཐང་བརྒྱུད་དེ་རྒྱུ་ལ་ཕུག་ལམ་བརྒལ་ཏེ། ཐང་གཉིས་པ་དང་ཝ་ཁྲལ་བརྒྱུད་དེ་ར་རྔ་ཁ་གྲོང་རྡལ་མགོ་ལོག་གྲོང་སྡེ་གསུམ་པ་མཇུག་རྫོགས། བསྐྲུན་རྩིས་ཡོད་པའི་རྒྱལ་སྲུང་གཞུང་ལམ4218པའི་ལམ་ཐིག་གི་ར་རྔ་ཁ་དང་ལི་ཐང་བར་གྱི་ལམ་དུམ་དང་སྦྲེལ་བ་དང་། ར་རྔ་ཁ་ལ་མྱུར་བགྲོད་གཞུང་ལམ་ནས་བབས་ཏེ་རྒྱལ་སྲུང་གཞུང་ལམ318པར་སྦྲེལ་ཡོད། ལས་གཞི་ལམ་ཐིག་གི་སྤྱིའི་རིང་ཚད་སྤྱི་ལེ79.2ཡོད་པས། ལམ་ཐིག་ཧྲིལ་པོར་རླངས་འཁོར་བཞི་གཤིབ་འགྲོ་ཆོག་པའི་མྱུར་བགྲོད་གཞུང་ལམ་གྱི་ཚད་གཞི་ལྟར་བསྐྲུན་ཞིང་། མྱུར་ཚད་ཆུ་ཚོད་རེར་སྤྱི་ལེ80ཡིན་པ་རེད།།

  • ལེ་ཚན་སྔོན་མ།:ཞི་ཅིན་ཕིང་གིས་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཐུན་མོང་སློབ་སྦྱོང་ཐེངས་ཉེར་བརྒྱད་པ་གཙོ་སྐྱོང་གནང་སྐབས་གསུང་བཤད་གལ་ཆེ་གནང་།
  • ལེ་ཚན་རྗེས་མ།:རྒྱལ་ཡོངས་སྲིད་གྲོས་ཀྱི་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་བཞི་པ་པེ་ཅིང་དུ་འཚོགས།
  • དོ་སྣང་ཆེ་བའི་རྩོམ།