དཔལ་སྤུངས་དྷརྨ་ཀ་རའི་སྒྱུ་རྩལ་སློབ་གླིང་ངོ་སྤྲོད་བསྡུས་པ།

དོན་འགྲུབ་ཚེ་རིང་།        2021-03-03

     

དཔལ་སྤུངས་དྷརྨ་ཀ་རའི་སྒྱུ་རྩལ་སློབ་གླིང་ངོ་སྤྲོད་བསྡུས་པ།

   དེའང་སྤྱི་ལོ་༢༠༡༩་སྤྱི་ཟླ་༥པའི་ཚེས་༡༠ཉིན་འབྲེལ་ཡོད་ལས་གཞིར་དམིགས་ཏེ། སྡེ་དགེ་རྫོང་དཔལ་སྤུངས་དགོན་དུ་སོང་པ་ཡིན། ཉིན་དེའི་དགོང་མོར་ཤད་གཞེར་ནང་དྷརྨ་ཀ་རའི་སྒྱུ་རྩལ་སློབ་གླིང་དུ་སླེབས་སོང་།           ཕྱི་ཉིན་ཞོགས་པར་དྷརྨ་ཀ་རའི་སྒྱུ་རྩལ་སློབ་གླིང་གི་སློབ་གཙོ་བཀྲ་ཤིས་རྡོ་རྗེ་ལགས་ཀྱིས་སློབ་ཁང་དང་།  སློབ་མའི་ཉལ་ཁང་།  སློབ་མའི་ཟས་ཁང་སོགས་སུ་ཁྲིད་དེ་ངོ་སྤྲོད་བྱས།ཐེངས་འདིའི་སློབ་གཙོའང་དཔལ་སྤུངས་དགོན་པའི་བཤད་གྲྭའི་མཁན་ཆེན་དོན་འགྲུབ་བཀྲ་ཤིས་ལགས་ཀྱིས་དམིགས་སུ་བསྐོས་བཞག་བྱས་པ་དང་། སློབ་གཉེར་གྱི་འགྲོ་གྲོན་དགོས་ཚད་ཀྱང་ཁོང་རང་ཉིད་ནས་ཐབས་བྱས་ཚུལ་སོགས་གསུངས་བ་དང་ཆབས་ཅིག་སློབ་ཁང་དུ་སོང་པ་ཡིན།  སློབ་ཁང་གི་སྦུག་ཏུ་ཀརྨ་སྒར་བྲིས་གསར་མ་སྲོལ་འབྱེད་པ་པོ་སི་ཏུ་ཆོས་ཀྱི་འབྱུང་གནས་དང་། ཐང་བླ་ཚེ་དབང་གི་འདྲ་པར་རེ་བཤམས་ཡོད་པ་དང་། སྒོ་གཡོན་ཕྱོགས་ཀྱི་ལྡེབས་ངོས་སུ་ཐང་བླ་ཚེ་དབང་མཆོག་གིས་བྲིས་པ་མངོན་རྟོགས་ལུགས་ཀྱི་འཕགས་པའི་རྒྱ་ཆེན་སྡེ་བཞི་སྐྱ་མའི་རས་གཞི་ཁང་ཚད་ཅན་རེ་སོགས་བཤམས་པ་དང་།  སྒོ་གཡས་གཡོན་གྱི་དཀྱིལ་ལམ་དུ་ཅོག་ཙེ་རིང་ཞིང་མཐོ་བ་ཞིག་གི་སྟེང་དུ་ཚོན་ཕོར་དང་། ཚོན་པིར། པིར་ཤུབས། ཚོན་རིགས་སྣ་ཚོགས་བཅས་ཚོང་ཁང་དུ་ཚོང་རྫས་བཤམ་པ་ནང་བཞིན་བཀོད་ཡོད་ལ།  གཞན་ཡང་ཡུལ་དང་སློབ་གྲྭ་གཞན་ལ་མེད་པའི་ཆ་རྐྱེན་ཞིག་སྟེ།    སློབ་གྲྭ་ཡོད་ས་ནས་ཡར་མར་ལམ་ཐག་སྤྱི་ལེ་བདུན་ཙམ་རེ་ལ་སོང་ན་དཔལ་སྤུངས་དགོན་པའི་ཀརྨ་སྒར་བྲིས་ལུགས་ཀྱི་ལྡེབས་བྲིས་རྙིང་པ་དང་།  དཔེ་ཝར་དགོན་པའི་སྨན་རྙིང་ལུགས་ཀྱི་ལྡེབས་བྲིས་རྙིང་པ།  སློབ་གྲྭའི་ཉེ་སྐོར་དུ་ལོ་བརྒྱ་ཕྲག་བརྒལ་བའི་བྲག་བརྐོས་རི་མོ་སོགས་མཇལ་དུ་འགྲོ་ཆོག དེ་དག་ཐམས་ཅད་ནི་སློབ་གྲྭ་འདི་ལ་གཞན་གྱིས་འགྲན་ནུས་མེད་པའི་མཐུན་རྐྱེན་བཟང་པོ་འཛོམ་པརེད།

     སློབ་གྲྭ་འདི་ནི་སྤྱི་ལོ་༡༩༩༣་དཔལ་སྤུངས་བཤད་གྲྭ་བསྐྱར་གསོ་བྱས་པ་དང་ཆབས་ཅིག་ཏུ་སྒྱུ་རྩལ་འཛིན་གྲྭའང་བཤད་གྲྭ་དེ་ཉིད་དུ་བཙུགས།  དེ་ནས་ཆེད་སྦྱོང་གི་བསླབ་གཞིའི་ཆ་རྐྱེན་མི་འདྲ་བས། སྤྱི་ལོ་༢༠༡༠ལོའི་ཟླ་བ་༥པར་སྒྱུ་རྩལ་འཛིན་གྲྭ་དེང་གི་སློབ་གནས་ཤད་གཞེར་ནང་དུ་སྤོས།  སློབ་གླིང་གི་མིང་ཡང་ཀརྨ་སྒར་བྲིས་གསར་མའི་ལུགས་འདིའི་སྲོལ་འབྱེད་པ་པོ་ཆོས་ཀྱི་འབྱུང་གནས་ལ་སཾ་སྐད་དྷརྨ་ཀ་ར་ཞེས་སྦྱར་བ་དང་།  སློབ་གྲྭ་ཆགས་ས་དཔལ་སྤུངས་ཞེས་ཡུལ་གྱི་མིང་དང་།  ཆེད་སྦྱོང་སྒྱུ་རྩལ་ཡིན་པའི་ཆ་བཅས་ཀྱིས་སློབ་གྲྭའི་མིང་ཆ་ཚང་ལ།    དཔལ་སྤུངས་དྷརྨ་ཀ་རའི་སྒྱུ་རྩལ་སློབ་གླིང་།  ཞེས་བཏགས། སྔོན་རྗེས་སུ་སློམ་མ་བརྒྱད་ཅུ་ཙམ་སློབ་ཐོན་བྱུང་བ་དང་། རྒྱུན་ཞུགས་སློབ་མ་སུམ་ཅུ་སོ་གྲངས་ཙམ་ཡོད། བོད་ཡིག་གི་རྨང་གཞིའི་སློབ་ཁྲིད་དགེ་རྒན་བཤད་གྲྭ་ཉིད་ནས་བཏང་བ་དང་། ཆེད་སྦྱོང་དགེ་རྒན་སློབ་གཙོ་བཀྲ་ཤིང་རྡོ་རྗེ་དང་། ཁང་གསར་རྡོར་མཆོག།  འཆི་མེད།  དིལ་ཆུང་བུ་ཁེ། སློབ་གྲྭ་རང་ནས་ཐོན་ཏེ་དགེ་རྒན་དུ་བསྐོས་བཞག་བྱས་པའི་བཀྲ་བཟང་དང་།  བསམ་འགྲུབ་སོགས་ཡོད།      

དེ་ལྟ་བུའི་སློབ་གྲྭ་འདི་བཙུགས་པའི་གཙོ་འགན་ནི། སྔོན་དུས་བོད་དུའང་སྲོལ་རྒྱུན་གྱི་ལག་རྩལ་རྒྱུན་སྤེལ་བྱེད་ཐབས་ལ་ཁོར་ཡུག་དོག་པོ་ཞིག་ཏུ་དགེ་རྒན་དང་བུ་སློབ་བར་རྒྱུན་སྐྱོང་དང་། ཕ་བུ་བར་དང་། ཚ་ཞང་བར་སོགས་ཁྱིམ་བརྒྱུད་བར་རྒྱུན་སྐྱོང་བྱེད་ཚུལ་གཙོ་བོ་ཡིན། དེར་གྲངས་སྤུས་གང་གི་ཐད་ཚད་ཅུང་དམའ་བའི་སློབ་གསོའི་བྱེད་ཐབས་ཡིན་པས། ད་ལམ་སློབ་གྲྭ་འདི་བཙུགས་ནས་སློབ་ཚན་བཀོད་སྒྲིག་བྱེད་སྟངས། སློབ་ཚན་ཁྲིད་སྟངས། དོ་དམ་བྱེད་སྟངས་ལ་སོགས་པ་རིམ་བཞིན་བཅོས་ནས་ལས་རིགས་སློབ་གསོའི་སྒྲིག་གཞིར་འགྱུར་བར་བྱ་རྒྱུ་དེ་ཡིན།   

  • ལེ་ཚན་སྔོན་མ།:མདོ་ཁམས་དཔལ་སྤུངས་དགོན་འདབས་ཤད་གཞེར་ནང་གི་བྲག་བརྐོས་རི་མོ་རྙིང་པ་མདོར་ཙམ་གླེང་བ།
  • ལེ་ཚན་རྗེས་མ།:།སྡེ་དགེ་དཔལ་སྤུངས་ཐུབ་བསྟན་ཆོས་འཁོར་གླིང་གི་ངོ་སྤྲོད་བསྡུས་པ།
  • དོ་སྣང་ཆེ་བའི་རྩོམ།