མདོ་ཁམས་དཔལ་སྤུངས་དགོན་འདབས་ཤད་གཞེར་ནང་གི་བྲག་བརྐོས་རི་མོ་རྙིང་པ་མདོར་ཙམ་གླེང་བ།

ཀརྨ་རྒྱལ་མཚན།        2021-03-02

   

མདོ་ཁམས་དཔལ་སྤུངས་དགོན་འདབས་ཤད་གཞེར་ནང་གི་བྲག་བརྐོས་རི་མོ་རྙིང་པ་མདོར་ཙམ་གླེང་བ།


   ཉེ་བའི་ལོ་ཤས་ནང་གངས་ལྗོངས་ཉི་གཞོན་སོགས་དུས་དེབ་ཐོག་ཏུ་བྲག་བརྐོས་རི་མོའི་སྐོར་གྱི་རྩོམ་ཡིག་དང་རི་མོ་འགའ་བཏོན་པ་དེ་ནི་འཛམ་གླིང་རིག་དངོས་ཤུལ་བཞག་ལ་འཚོ་སྐྱོང་དང་།   སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རང་རྒྱལ་གྱི་རིག་དངོས་དང་།  དངོས་ཤུལ་རིག་གནས།  གནའ་དཔེ་རྙིང་པ་བཅས་གསོན་ཉམས་ལྡན་པ་བྱེད་དགོས་ཞེས་པའི་བཀའ་གསུངས་ལྟར་ཀྲུང་གོའི་ཁྱད་ཚོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་འཕེལ་རྒྱས་ཀྱི་འགྲོ་ལམ་མཐའ་འཁྱོངས་བྱེད་པ་ལ་རྒྱུ་མཚན་གལ་ཆེན་ཡོད་པ་བཤད་མ་དགོས།  

    དཔལ་སྤུངས་ནི་དངོས་ཤུལ་རིག་གནས་འབེལ་པོ་ཡོད་སའི་ས་ཆ་ཞིག་ཡིན་ལ།   དེ་ལ་ཞིབ་འཇུག་བྱེད་མཁན་ཡང་མང་པོ་ཡོད་ཀྱི།  འོན་ཀྱང་ད་བར་དེ་ཕྱོགས་ཀྱི་བྲག་བརྐོས་རི་མོ་ལ་དོ་སྣང་བྱེད་མཁན་བྱུང་མེད།

   དེའང་སྤྱི་ལོ་༢༠༡༧ལོའི་ཟླ་བ་བདུན་པར་ཁོ་བོ་ཁམས་ཕྱོགས་ཀྱི་གནས་རི་དང་པར་ཤིང་བརྐོ་འདེབས་སོགས་ཀྱི་ལས་གཞི་ཞིག་ལ་དམིགས་ཏེ།  དེང་སྡེ་དགེ་རྫོང་དཔལ་སྤུངས་དགོན་དུ་སོང་།  ཉིན་ཞིག་གི་ཞོགས་པར་དགོན་པའི་འདབས་ཀྱི་ཉེ་འགྲམ་ནས་འབབ་པའི་དཔལ་ཆུ་མར་དེད་དེ་སྤྱི་ལེ་བཅུ་ཙམ་མཚམས་གཡས་ཕྱོགས་ཀྱི་ལུང་པ་ནང་གི་ཆུ་ཕྲན་ཆུང་ཆུང་ཞིག་ཡོད་པ་དེ་དེད་ནས།  དགོན་དེས་གསར་དུ་བཞེངས་པའི་དྷརྨ་ཀ་རའི་སྒྱུ་རྩལ་སློབ་གླིང་དང་། ཇོ་མོ་དགོན་པ་མཇལ་དུ་སོང་།  འགྲོ་བཞིན་དུ་ལམ་བར་རྫིའུ་མ་རྒན་ཞིག་དང་འཕྲད་པ་དེ་དང་ཁ་བརྡ་ལབ་ཞོར་དུ་རྫིའུ་ནས་ལུང་པ་འདིའི་ནང་སྔོན་གྲུབ་ཐོབ་ངོ་མཚར་ཅན་ཕྱཱ་ར་བ་ཞེཔ་པ་ཞིག་ཡོད་མྱོང་བ་རེད།       གྲུབ་ཐོབ་ཕྱཱ་ར་བ་སྔ་དྲོ་རི་ཁ་ཤར་དུ་བཏད་ས་དང་།  ཕྱི་དྲོ་རི་ཁ་ནུབ་ཏུ་བཏད་སའི་སྒྲུབ་ཕུག་གཉིས་སུ་ཕར་འཕུར་ཚུར་འཕུར་བྱེད་སྐད་ཡོད་རེད་ཟེར་ནས་རི་གཉིས་མཛུལ་མོས་བསྟན་པ་དང་།  མོ་ཆུང་དུས་ཁ་ཤར་དུ་བཏད་སའི་སྒྲུབ་ཕུག་ནང་སྒོ་རུ་མཁན་པོ་ཟེར་བ་ཞིག་མཚམས་ཡུན་རིང་བཞུགས་མཐར་བརྩོན་ཁང་ནང་འདས་སོང་བ་རེད།  ད་ལྟར་མཚམས་མཚམས་སུ་དཔལ་སྤུངས་དགོན་པའི་བླ་གྲཱ་རེ་གཉིས་མཚམས་ཟླ་རེ་ཙམ་བཞུགས་པ་ལས་ཤེས་མཁན་ཡང་ཉུང་ཉུང་རེད་ཟེར། ཡང་ལབ་ཞོར་དུ་སྔོན་མོ་ཆུང་དུས་སུ་སྒོ་རུ་མཁན་པོའི་སྒྲུབ་ཕུག་གཡས་གཡོན་དང་བྲག་འདབ་ལ་མདོ་སྡེ་སྐལ་བཟང་དང་། ཐར་མདོ་རེད་ཟེར་བའི་མ་ཎིའི་རྡོ་ཕུང་མང་པོ་ཡོད་རེད། ད་ནི་སྒྲུབ་ཕུག་ནང་ལ་བྲག་བརྐོས་ཀྱི་ལྷ་གསལ་ཐག་ཆོད་རིག་རྒྱུ་ཡོད་པ་མ་གཏོགས་བྲག་ངོས་རི་མོ་དང་རྡོ་ཕུང་རྣམས་ས་ཉེན་ཆུ་ཉེན་གྱིས་འགེབས་ཚར་རེད་ཟེར།

མདོ་ཁམས་དཔལ་སྤུངས་དགོན་འདབས་ཤད་གཞེར་ནང་གི་བྲག་བརྐོས་རི་མོ་རྙིང་པ་མདོར་ཙམ་གླེང་བ།

     དེ་དུས་ཁོ་བོའི་སེམས་སུ་གངས་ལྗོངས་ཉི་གཞོན་དུ་བཀོད་པའི་རྫ་ཆུ་ཁ་དང་།  ཆུ་ཆེན་བོན་པོའི་བྲག་བརྐོས་རི་མོ་རྣམས་ལྷང་ངེར་དྲན་ནས། སྔོན་གྱི་འཆར་གཞི་བཅོས་ཏེ་བྲག་བརྐོས་རི་མོ་བཙལ་དུ་འགྲོ་རྒྱུ་བྱས།  མ་རྒན་དེས་ལུང་པ་འདིའི་ཕུག་ནས་ཆར་ཆུ་མཐུར་དུ་འབབ་པ་དང་། ཤིང་ནགས་མཐུག་ཅིང་འཛིང་ཆེ་བ། བྲག་ངོས་སྡོང་ལྡུམ་གྱིས་ཡོངས་སུ་འཁྲིལ་བ། ཁྱད་པར་དུ་དྲེག་མོང་དང་ཕག་རྒོད་སོགས་མྱུལ་ནས་ཡོད་པས་བག་ཟོན་གྱིས་ཟེར། དེ་ནས་ནགས་གསེབ་ཀྱི་རྐང་ལམ་ཕྲ་མོ་དེ་དེད་ནས་ཆུ་ཕྲན་མང་པོ་ཕར་བརྒལ་ཚུར་བརྒལ་བྱས་མཐར་སྒྲུབ་ཕུག་གི་འདབས་ལ་སླེབས་དུས་ཤིན་ཏུ་རྙིང་ཤས་དོད་པའི་མ་ཎི་རྡོ་ཕུང་ཞིག་མཐོང་།  དེ་ནས་གནམ་བལྟས་བྱེད་བཞིན་ཁ་གྱེན་དུ་གཏད་དེ་སོང་བཞིན་རི་སྐེད་དུ་སླེབས་དུས་ཁ་ཤར་ལྷོ་དུ་གཏད་པའི་བྲག་ངོས་ཞིག་ལ་ཤིང་སྡོང་གཉིས་གཤིབ་ཀྱི་སྐས་རྐྱང་ཞིག་འདུག  དེར་འཛེགས་ནས་བྲག་ཕུག་ཏུ་འགྲོ་སྐབས་གཡས་གཡོན་གྱི་བྲག་ངོས་སུ་མཐོང་ལ་མི་མཐོང་བའི་ཡི་གེ་དང་ལྷ་བརྐོས་རི་མོ་འགའ་འདུག་ཀྱང་། ང་ནི་སྐས་ལ་འཛེགས་མ་ཐག་ཐང་ཆད་ཅིང་དབུགས་ཧལ་བ་དང་འདར་སིག་སིག་བྱེད་བཞིན་པས་ཞིབ་བལྟས་བྱེད་མ་ཕོད།   དེ་ནས་སྐས་མགོ་ནས་ཕར་བྲག་ཕུག་གི་སྒོ་ཅུང་ཟད་དོད་པར་འགྲོ་སྐབས་མི་སྐད་ཡིན་ངེས་པའི་སྒྲ་ལྡབ་ལྡིབ་ཅིག་ཐོས་བྱུང་བས།   བྲག་ཕུག་ཏུ་མཇལ་བལྟས་བྱས་མཚམས་པ་བླ་མ་ཞིག་དང་བྲག་ངོས་སུ་རྡོ་བརྐོས་རི་མོ་མང་པོ་གསལ་ལྷང་ངེར་མཐོང་བས་སེམས་སུ་དགའ་ཡ་ལེ་བྱུང་སྟེ། རྡོ་ཆུང་ཆུང་ཞིག་གིས་བྲག་ངོས་བརྡུངས་བས་རེ་ཞིག་ནས་མཚམས་པ་བླ་མ་ཕྱིར་ཐོན་ནས་ང་ནང་དུ་ཁྲིད་དེ་འདིའི་ནང་སྔོན་གསང་སྔགས་ཀྱི་གྲུབ་ཐོབ་ཀྱང་མང་པོ་བཞུགས་མྱོང་བ་དང་། བྲག་བརྐོས་རི་མོ་འདི་སྒོ་རུ་མཁན་པོས་དཔལ་སྤུངས་ལྷ་བཟོ་མཁས་པ་ཐང་བླ་ཚེ་དབང་ལ་སྐྱ་རིས་བརྒྱག་བཅུག་ནས་རྡོ་རྐོས་ཨ་རྡོ་མས་བརྐོས་ཀྱི་རེད་ཟེར།  དེ་དུས་ངོས་ཀྱིས་ཐང་བླ་ཚེ་དབང་ནི་ལྷ་བཟོ་སྐད་གྲགས་ཅན་ཡིན་ལ་ཤིང་བརྐོས་དང་རྡོ་བརྐོས་ལའང་མཁས་པ་ཡིན་འདུག་བསམ་རྒྱུ་ཙམ་ལས་ཅུང་ཟད་འདོད་པ་ཁེམས་པ་མ་བྱུང་།  བྲག་ཕུག་གི་ཕྱོགས་མཚམས་ཐམས་ཅད་ལ་ཞིབ་བལྟས་བྱེད་སྐབས་དེར་ཤངས་པའི་ལྷ་ཚོགས་ཆ་ཚང་བོད་ལུགས་ལྷ་ཁང་དང་ཞལ་ཐང་དུ་བྲིས་པ་ནང་བཞིན་བརྐོས་ཡོད་པ་དང་།  རི་མོའི་སྒྱུ་རྩལ་དང་ཚོན་མདངས་སོགས་ལའང་བྲག་བརྐོས་རི་མོ་གཞན་ལས་མི་འདྲའི་ཐུན་མིན་གྱི་ཁྱད་ཆོས་ཡོད་པའི་ཚོར་སྣང་བྱུང་། 

མདོ་ཁམས་དཔལ་སྤུངས་དགོན་འདབས་ཤད་གཞེར་ནང་གི་བྲག་བརྐོས་རི་མོ་རྙིང་པ་མདོར་ཙམ་གླེང་བ།

     དེ་ནས་སྒོ་ཕྱི་ལོག་སྟེ་སྐས་མགོ་སླེབས་སྐབས་མཚམས་པ་བླ་མས་སྐས་འགྲམ་གཡས་གཡོན་དང་འོག་གི་བྲག་རྩ་སོགས་ལ་བྲག་བརྐོས་རི་མོ་རྙིང་པ་མང་པོ་ཡོད་ཚུལ་ལབ་པས། སྐས་ཐོག་ནས་གཟོབ་གཟོབ་ཀྱིས་བལྟས་ཀྱང་དེ་ཙམ་གསལ་པོ་མི་མཐོང་ཡང་ཟུར་བལྟས་ལེབ་མཐོང་ལྟར་པར་འགའ་བླངས།  ས་དབྱིབས་གཟར་དྲག་སྟེ་མདུན་ངོས་ནས་པར་ལེན་ཐབས་བྲལ།  དེ་ནས་བླ་མའི་མཛུབ་མོས་རི་སྟོན་ལྟར་འོག་གི་བྲག་རྩར་སོང་སྟེ་ཡར་བྲག་ངོས་ཆེན་པོ་དེ་ལ་ལྟ་དུས་བྲག་ངོས་སྟོད་ཆར་སྤྱན་རས་གཟིགས་དོན་ཡོད་གྲུབ་པ་སྐུ་ཚད་མི་གཟུགས་ཙམ་ཅན་དང་། སྨད་ཆར་ཡིག་རིས་ཕྲེང་མང་པོ་ཡོད་པ་དེའི་པར་གང་ལོན་བླངས།    ད་དུང་དེ་སྐོར་བྲག་བརྐོས་རི་མོ་མང་པོ་ཡོད་ཐག་ཆོད་ཀྱང་།  ཕྱི་དྲོའི་ཆུ་ཚོད་ལྔ་པ་མ་ཟིན་ཙམ་རེད་བྱུང་བ་དང་།   ལུང་པ་འདི་ཉིད་ངོས་ཤིན་ཏུ་མི་མཉམ་ལ། ལུང་གཤོང་དང་གཅོང་རོང་རྣམས་འབིག་པར་དཀའ་བས་མུ་མཐུད་བཙལ་ཐབས་མེད་པས་སེམས་འགྱོད་བཞིན་རི་འདབས་སུ་ལོག་དགོས་བྱུང་། 

 མདོ་ཁམས་དཔལ་སྤུངས་དགོན་འདབས་ཤད་གཞེར་ནང་གི་བྲག་བརྐོས་རི་མོ་རྙིང་པ་མདོར་ཙམ་གླེང་བ།

    དེ་ལྟ་བུའི་ས་ཆ་འདི་ལ་ས་གནས་ཀྱི་མི་ཚོས་ཤད་གཞེར་ནང་ཟེར། དེང་དཔལ་སྤུངས་ཤམ་དཔེ་ཡར་རུའི་གྲོང་སྡེ་ལ་གཏོགས། དགོན་པའི་ལྷོ་ཕྱོགས་སྤྱི་ལེ་ཉི་ཤུ་ཙམ་གྱིས་བར་ཐག་ལས་མེད། ལུང་ཁུག་འདི་འདྲ་ལ་བྲག་བརྐོས་རི་མོ་རྙིང་པ་དངོས་སུ་མཐོང་དུས་ཧོན་འཐོར་དགོས་པ་ཞིག་རེད།  སྔོན་སྒོ་རུ་མཁན་པོ་འདིར་མཚམས་བཞུགས་མྱོང་ཚུལ་ལས་གཞན་བྲག་བརྐོས་རི་མོ་ཡོད་པའི་སྐོར་གླེང་སློང་བྱས་པའི་ཡིག་ཆ་སོགས་ཁོ་བོས་མཐོང་ཐོས་མ་མྱོང་བས།  གཞན་གྱིས་ཀྱང་མཐོང་མྱོང་མེད་སྙམ་པའི་དད་མོས་ཀྱི་དགའ་ཚོར་དང་ལོ་རྒྱུས་ཀྱི་དྲན་གསོས་སྟེར་བའི་ཁེམས་པ་རབ་ཏུ་བསྐྱེད།  འོན་ཀྱང་འདི་ཕྱོགས་ཀྱི་བྲག་བརྐོས་རི་མོ་དུས་ནམ་ཙམ་ལ་བརྐོས་པ་སོགས་གནའ་རྫས་སྔོག་འདོན་པས་བརྟག་དཔྱད་བྱེད་དགོས་པ་ལས་ཁོ་བོས་ནི་དུས་སྔ་མོ་ནས་བརྐོས་ཡོད་པའི་རྣམ་པ་གསལ་བ་ཙམ་ལས་ཞུ་མ་ནུས། ད་ལྟའི་ཆར་དཔལ་སྤུངས་དགོན་པས་ལུང་པ་དེར་དྷརྨ་ཀ་རའི་སྒྱུ་རྩལ་སློབ་གླིང་དང་། ཇོ་མོ་དགོན་པ་གསར་དུ་བཞེངས་པ་ལའང་ལོ་རྒྱུས་རང་བཞིན་དང་རིག་དངོས་ཤུལ་རྗེས་ཡོད་མྱོང་བའི་རྟེན་འབྲེལ་ལས་བྱུང་བ་ཡིན་པ་ནི་གདོན་མི་ཟ་བའོ། །

    ད་རེས་ཤད་གཞེར་ནང་གི་བྲག་བརྐོས་རི་མོ་གསར་རྙེད་བྱུང་བ་ནི་རྫིའུ་རྒན་མོ་དང་མཚམས་པ་བླ་མའི་བཀའ་དྲིན་ཡིན།   མཚམས་པ་བླ་མའི་མཚན་ལ་དྲི་མེད་རྡོ་རྗེ་ཞུ།  ཁོང་ནི་བྱ་བྲལ་བའི་ཚུལ་དུ་གངས་ཏེ་སེ་དང་།  བྲག་ཡེ་པ།  བསམ་ཡས། རོང་བཙན་ཁ་བ་དཀར་པོ་སོགས་སུ་སྐུ་མཚམས་ཁོ་ནར་བཞུགས་མཁན་ཡིན་པ་ཕྱིས་སུ་ཤེས་རྟོགས་བྱུང་། ཁོང་གཉིས་ལ་བཀའ་དྲིན་བླ་ན་མེད་པ་ཆེ་ཞུ།  

  • ལེ་ཚན་སྔོན་མ།:འབའ་ཐང་རྫོང་སྟེང་ཆེན་ཤུལ་དབེན་ཁྲོད་ཀྱི་བྱུང་བ་ཉུང་ཙམ་བཤད་པ།
  • ལེ་ཚན་རྗེས་མ།:དཔལ་སྤུངས་དྷརྨ་ཀ་རའི་སྒྱུ་རྩལ་སློབ་གླིང་ངོ་སྤྲོད་བསྡུས་པ།
  • དོ་སྣང་ཆེ་བའི་རྩོམ།