སྐྱེས་རབས་དཔག་བསམ་འཁྲི་ཤིང་གི་གྲས་ཐང་ལས་བྱུང་བའི་སྒར་གསར་ལུགས་ཀྱི་ཁྱད་ཆོས།

        2021-03-02

  

སྐྱེས་རབས་དཔག་བསམ་འཁྲི་ཤིང་གི་གྲས་ཐང་ལས་བྱུང་བའི་སྒར་གསར་ལུགས་ཀྱི་ཁྱད་ཆོས།

   སི་ཏུ་པ་བསྟན་པའི་ཉིན་བྱེད།

   བཀོད་ལེགས་གླིང་བཅས་ཆུ་གཏེར་དབུས། །ལྷུན་པོ་བཞིན་དུ་ལྷུན་ཆགས་སུ། །རབ་མཛེས་མཚན་པའི་དཔལ་འབར་བ། །ཐུབ་མཆོག་སྲས་དང་བཅས་པས་སྐྱོང་། །འཕགས་པའི་ཡུལ་དུ་སྔོན་བྱུང་བ། །སྙན་ངག་སྨྲ་རྣམས་གཙུག་གི་རྒྱན། །སློང་རྣམས་རེ་བསྐང་ཡིད་བཞིན་ནོར། །དགེ་དབང་ཞེས་བྱའི་ས་བདག་བྱུང་། །སྣང་བའི་ནང་ནས་ཉི་བཞིན་དུ། །སྒྱུ་རྩལ་རྣམས་ལས་རི་མོ་མཆོག།འདུས་བྱས་ཀུན་ལས་རྒྱལ་བའི་སྐུ། །རི་མོར་བྲིས་འདི་འབྲས་བུར་བཅས། །ཞེས་བསམ་མི་བདག་རབ་དད་དེས། །མཐོང་བས་དགའ་མགུར་བསྐྱེད་བྱེད་པའི། །འཕགས་རྣམས་རྟོགས་བརྗོད་རི་མོ་ཡིས། །ཁང་བཟང་དབང་གཞུ་ལྟར་བཀྲར་བྱས། །དྭངས་པའི་མཚོ་ལ་ཟླ་གཟུགས་བཞིན། །སངས་རྒྱས་གཟུགས་ཀྱིས་དེ་ཡི་ཚུལ། །སྙན་འཇེབས་ཉམས་བཅས་ཡི་གེ་རུ། །སྤེལ་ཅིག་ཅེས་གསུང་རྨི་ལམ་མཐོང་། །དགེ་དབང་ཡབ་སྲས་མགྲིན་མཚོ་ལས། །འཁྲུངས་པའི་མཚོ་བྱུང་ལྷ་མོའི་གླུ། །རྒྱལ་དང་དེ་སྲས་ཚོགས་རྣམས་ཀྱི། །རྟོགས་བརྗོད་དཔག་བསམ་འཁྲི་ཤིང་བྱུང་། །དེ་ལྟའི་བསྟན་བཅོས་ཉི་མ་འདི། །ལྗོངས་འདིར་སྣང་བྱེད་ཁྱུང་སྔོན་སྐྱེས། །འཇིག་རྟེན་མིག་གཅིག་ཤོང་སྟོན་རྗེའི། །ཕུན་ཚོགས་འབྱུང་གནས་དཔལ་ལས་ཐོབ། །འཕགས་པ་ཞིག་གི་དགེ་སྡིག་གི།བླང་དོར་སྟོན་བྱེད་གཤིན་རྗེ་བཅུའི། །ཁྲིམས་ཀྱི་མདུན་པ་འཇིགས་རུང་བ། །བྱིན་ཤའི་ལོ་འདབ་གཡོ་བ་བྲིས། །དེར་བརྟེན་རྒྱ་དང་རྒྱ་ནག་ཆེར། །སྐྱེ་དགུའི་བརྟེན་གནས་ས་གཞི་དང་། །སྐྱེ་དགུ་བསྲུང་ལ་ཉི་བཞིན་པའི། །བསྔགས་འོས་དགེ་བཅུའི་ཁྲིམས་བཟང་ཚུགས། །གང་ན་རི་མོའི་དཔལ་ཕུན་ཚོགས། །དེར་ནི་ཐུབ་བསྟན་ཀྱང་ཕུན་ཚོགས། །གང་ན་དེ་ཡིས་དཔལ་གྱིས་སྟོང་། །ལྷ་མིན་ཀླ་ཀློས་འཇོམས་ཞེས་བསྟན། །སྟོན་པ་ཇི་བཞིན་སྐུ་གཟུགས་ཀྱིས། །བསྟན་འགྲོའི་དོན་བཟང་སྒྲུབ་པའི་ཚུལ། །མུ་ཏིག་འཁྲི་ཤིང་ཨུ་དྲ་ཡཎྲ། །བྲམ་ཟེ་སྤུན་གསུམ་མཐོ་བཙུན་ཆེད། །ཙནྡན་ཇོ་བོ་ལ་སོགས་པའི། །སྔོན་རབས་ཟླ་བ་ཡིད་ཀྱི་མཁར། །རྟག་ཏུ་ཤར་ནས་ལེགས་བྱས་ཀྱི། །བརྩོན་པའི་ཆུ་གཏེར་རྒྱས་པ་ཐོབ། །མཐོང་བས་འགྲོ་རྣམས་རྣམ་མཁྱེན་གྱི། །ས་བོན་རིགས་ལ་གསོས་འདེབས་ཕྱིར། །རི་མོའི་དཔལ་དང་ཕུན་ཚོགས་དག།མི་ཉམས་སྲུང་ཕྱིར་ངས་འདི་བརྩམས། །ཚོན་དང་རི་མོའི་ཉམས་རྣམ་འགྱུར། །རྒྱ་ནག་མཁས་པའི་ལུགས་བཟང་གིས། །ཡུལ་དང་ཁང་བཟང་ཆ་ལུགས་སོགས། །འཕགས་ཡུལ་མངོན་སུམ་མཐོང་བཞིན་བྱས། །སངས་རྒྱས་དེ་སྲས་བཅས་སོགས་གཟུགས། །དུས་འཁོར་སྡོམ་པ་འབྱུང་རྒྱུད་སོགས། །དཔལ་གྱི་མགུལ་ནས་གསུང་ཇི་བཞིན། །ཆ་ཚད་རྣམས་ལ་ཡིད་དགར་བགྱིས། །སྨན་ཐང་གསར་རྙིང་མཁྱེན་ལུགས་པ། །བྱང་པ་བྱེའུ་སྒར་བྲིས་པའི། །རྣམ་དཔྱོད་དེ་ཀུན་འདིར་ལྡན་མོད། །ཉམས་འགྱུར་འབུམ་གྱིས་ཁྱད་པར་བྱས། །ཀླུ་ཡི་སྤྲུལ་པའི་བཟོ་རྒྱུན་ཅན། །འཕགས་ཡུལ་ནུབ་ཕྱོགས་ཁ་ཆེ་ཡི། །བཟོ་སྦྱོང་འཇིག་རྟེན་དབང་ཕྱུག་གི།རི་མོའི་སྒྱུ་རྩལ་སྤུན་ཟླར་གྲུབ། །དེ་ལྟའི་རྣམ་དཀར་ལེགས་བྱས་འདིས། །མཚོན་བྱས་དུས་གསུམ་དགེ་ཚོགས་ཆས། །འཁོར་གསུམ་རྟོགས་པའི་དྲི་བྲལ་ཀླུང་། །དགེ་ཚོགས་རླབས་ཕྲེང་གཡོ་བཞིན་པར། །སྐུ་བཞི་ཡེ་ཤེས་ལྔ་ལྡན་པའི། །རྒྱལ་བའི་རྒྱ་མཚོ་ཆེར་འཇུག་ནས། །རྣམ་དག་སྨོན་པས་རབ་བསྲུབས་འབྲས། །འགྲོ་ཀུན་བདུད་རྩིར་སྤྱོད་པར་ཤོག།དྲི་མེད་རྒྱལ་བསྟན་བཤད་སྒྲུབ་བསྟན། །མཐའ་དག་ཀུ་མུད་མཛེས་པའི་ཚལ། །ཡོངས་སུ་རྒྱས་བྱེད་ལེགས་བྱས་འདི། །རབ་དཀར་ཟླ་བའི་འོད་བཞིན་ཤོག།སྲིད་འདི་དཔལ་དང་ཕུན་ཚོགས་ཀྱི། །ཉིན་མོར་བྱེད་དང་ཆབས་ཅིག་ཏུ། །ལྷག་པར་དོན་རྒྱུད་པདྨའི་ཚལ། །རྒྱས་པར་བྱེད་པའི་ཉི་མརའང་ཤོག།སྣང་བའི་དཔལ་གྱུར་ཉི་མ་བཞིན། །གྲགས་ལྡན་རྣམ་འདྲེན་ཀརྨ་ཀཿ། །མཐིང་དབང་ཅོད་པན་འཆང་བ་གང་། །ཞིང་མཆོག་གང་གི་མགོན་མཛད་པར། །པད་རྩལ་ལྟར་དཀར་ལེགས་བྱས་འདི། །ཞིང་ཀུན་ཡོངས་སུ་འགེངས་བྱེད་པའི། །ལྷ་རྫས་མཆོད་ཡོན་དུ་གྱུར་ནས། །མཉེས་རབ་མཆོག་དང་ཕུལ་གྱུར་ཅིག།བསྟན་འཛིན་ཀུན་ལ་འཆི་མེད་ཀྱི། །བདུད་རྩིའི་བཅུད་ལེན་ཉིད་གྱུར་ཏེ། །བསྟན་འགྲོའི་དཔྱིད་དུ་ཞབས་པད་བརྟན། །བཞེད་དོན་ཀུན་སྒྲུབ་བྱེད་པོར་ཤོག།ལེགས་བྱས་ཟླ་བ་རྒྱས་པ་འདིས། །བདེ་གཤེགས་སྙིང་པོ་རིན་ཆེན་གྱི། །ཡོངས་བལྟམས་འགྲོ་ཀུན་ལེགས་བྱས་ཀྱི། །ཆུ་གཏེར་གནམ་དུ་འཕྱུར་གྱུར་ཅིག།མི་དགེའི་མུན་པ་ནུབ་པ་དང་། །ལེགས་བྱས་ཉིན་བྱེད་གསལ་བ་དང་། །དགེ་ལེགས་པདྨ་བཞད་པ་སྟེ། །གསུམ་པོ་འདི་ནི་མཉམ་དུ་ཤོག།འགྲོ་ཀུན་སྙིང་པོ་ལྟ་བའི་གེགས། །སྒྲིབ་གཉིས་བག་ཆགས་མུན་ཚོགས་དང་། །རྒུད་པའི་མུན་ཚོགས་ཇི་སྙེད་པ། །སེལ་བའི་རྒྱུ་སྐར་བདག་པོར་ཤོག།དེར་ནི་མངོན་མཐོའི་ཐེམ་སྐས་ལ། །འཛེག་ནས་རྣམ་མཁྱེན་ཉམས་དགའི་གྲོང་། །ཉེར་ཐོབ་ཆོས་རྒྱལ་སངས་རྒྱས་ཀྱི། །གཏན་བདེའི་རྒྱལ་སྲིད་ཐོབ་གྱུར་ཅིག།དེ་ལྟར་ཟླ་བ་ལྟར་དཀར་ལྷག་བསམ་གྱིས། །རྩེ་གཅིག་སྨོན་པའི་རེ་འབྲས་དེ་དག་རྣམས། །བསླུ་མེད་སྲས་བཅས་རྒྱལ་བའི་མཐུ་བྱིན་གྱིས། །བདེ་བླག་འགྲུབ་པའི་བཀྲ་ཤིས་བདེ་ལེགས་ཤོག།ཅེས་པ་ཤཱཀྱའི་དགེ་སྦྱོང་སི་ཏུ་པ་བསྟན་པའི་ཉིན་བྱེད་ཀྱིས་བྲིས་པ་ཛ་ཡནྟུ། །

   ཞེས་པ་འདི་ནི་རྗེ་ཉིད་ཀྱི་ཕྱག་བསྟར་སྐྱེས་རབས་དཔག་བསམ་འཁྲི་ཤིང་གི་གྲས་ཐང་ལས། རྗེ་ཉིད་ཀྱི་མདུན་གཡས་སྔོན་དུ་གདན་གཞི་ནག་པོའི་ངོས་སུ་གསེར་གྱིས་བྲིས་པ་དེ། འདིར་ཞལ་བཤུས་ཏེ་བཀོད་པའོ། །  (གོང་གི་ཐང་གར་གཟིགས།)

 

  • ལེ་ཚན་སྔོན་མ།:བོད་ཡུལ་དུ་མཆོད་རྟེན་བྱུང་ཚུལ།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།