མི་ཕྲག་དོག་ཅན་ལ་གཏོར་མ་མཆོད།

ཁྲི་ཟླ་གཞོན།        2021-03-01

ཆོས་དཀར་པོ་འདིས་འདུལ་བར་མ་ནུས་པ།།

རྩུབ་རྒྱལ་ཁྲིམས་འདིས་གཞོམ་དུ་མ་གཏུབ་པ།།

དུས་གནའ་དེང་ལ་མ་ཡལ་ཇེ་རྒྱས་པ།།

ངན་ཕྲག་དོག་འདི་ཨ་ཧོ་འཇིགས་རེ་ཡེར།།

སྟོང་ཁམས་ཆེན་འདིའི་རྒྱུ་སྐར་གསལ་ས་ནས།།

ཁྱོད་ཐ་སྐར་གྱིས་ཆེ་མདོག་མ་སྟོན་ཅིག།

འོད་ཆུང་ཆུང་འདི་སྲིན་འབུ་མེ་འཁྱེར་ཙམ།།

དགུང་ཉི་མ་ལ་བསྡུར་བ་ཁྲེལ་བའི་རྒྱུ།།

ཡུལ་ཆུང་ཆུང་འདི་ཁྲོན་པའི་གཏིང་རུམ་དུ།།

ཁྱོད་ངའོ་ནི་སྙམ་པའི་སྦལ་ཕྲུག་གིས།།

གནམ་སྔོན་པོ་ཡི་ཁ་ཞེང་མ་མཐོང་ནས།།

བདེན་ཡོད་མདོག་གིས་སྨྱོ་གཏམ་མ་ལབ་ཅིག།

དགུང་ཉི་ཟླ་ཡི་འོད་དཀར་གསལ་དྲགས་ན།།

སྤྲིན་དཀར་ནག་གིས་སྒྲིབ་འདོད་མ་བྱེད་ཅིག།

དོན་ཆེན་པོ་ཡི་ཕར་རྒྱབ་མ་མཐོང་ནས།།

ཁྱོད་ཕྲག་དོག་གིས་གཙེས་པ་ངོ་རེ་ཚ།།

རྟ་མདོ་བ་འདིའི་གོམ་ལག་འགྲན་ས་ནས།།

ལམ་སྐྱ་མོ་འདི་རྡུལ་གྱིས་བཀང་དང་ན།།

བོང་སྐྱ་ལི་ཁྱོས་དོ་ཡ་མ་ལོན་པར།།

སྡུག་ངུ་སྐད་འདིས་རུ་ཡུལ་འགེངས་དགོས་མེད།།

མྱི་འཇོན་ལྡན་འདིས་རུ་ཡུལ་འཁྱོངས་བཞིན་དུ།།

བདེན་གྲུབ་འབྲས་ཀྱི་སིལ་ཏོག་བགོས་དང་ན།།

གཏམ་འཁྱོག་བཤད་ཀྱིས་ལུང་བ་འུར་བཞིན་པའི།།

ཁྱོད་ཕྲག་དོག་གིས་མིག་རྩ་དམར་དོན་མེད།།

བོད་གངས་ཅན་འདི་མཁས་བརྒྱ་འཛོམས་ས་ནས།།

ཁྱོས་ཀ་ངོ་ཙམ་ཆོད་པའི་ཡོན་ཚད་དེས།།

རྩོམ་ཉ་ཉོག་གི་མགོ་རྐང་བསྒྲིགས་བསྒྲིགས་ནས།།

དོན་འཁྱོག་བཤད་ཀྱིས་ཆེ་མདོག་མ་སྟོན་ཅིག།

བུ་གང་འཁྱོངས་གཅིག་མཚན་སྙན་རྒྱས་དང་ན།།

སྡུག་བོད་མིང་ཞིག་ཐོགས་པའི་དམུན་པོ་ཁྱོས།།

སེམས་ཕྲག་དོག་གི་རླངས་པ་མ་མནོན་པར།།

ཅུང་ཡིན་མདོག་གིས་དུག་ཆུ་གཏོར་དགོས་མེད།།

གསེར་སེར་པོ་འདིའི་རང་བཞིན་འགྱུར་དུ་མེད།།

མི་དམ་པ་འདིའི་རང་གཤིས་ཡལ་དུ་མེད།།

གཏམ་བདེན་པ་འདིའི་ངོ་བོ་བཅོས་སུ་མེད།།

དམའ་ཕྲག་དོག་གི་མི་དེས་རྟོགས་པར་མཛོད།།

  • ལེ་ཚན་སྔོན་མ།:འཛམ་གླིང་བདེ་བའི་སྨོན་ལམ།
  • ལེ་ཚན་རྗེས་མ།:འགྲོ་བ་མི་ལ་བསྡིགས་པ།