ང་དང《དཀར་མཛེས་ཉིན་རེའི་ཚགས་པར》གྱི་གཏམ་རྒྱུད།

ཞོ་ར་བསམ་འགྲུབ་རྒྱལ།        2021-03-01

རྩོམ་ཡིག་འབྲི་བར་དད་འདུན་ཟབ་པའི་མི་སུ་ཞིག་ཡིན་རུང་། རང་ཉིད་ལ་རྩོམ་འབྲིའི་ལས་སུ་བོང་བར་གསེར་གཟིགས་གནང་མྱོང་པའི་ཚགས་དེབ་ཇི་སྙེད་ཡོད་པ་བཞིན། 《རྩོམ་སྒྲིག་ཁང་》དང་དེའི་རྩོམ་སྒྲིག་པ་ནི་རྩོམ་པ་པོ་རྒན་དར་གཞོན་གསུམ་གྱིས་ནམ་ཡང་དོ་སྣང་བྱེད་ཡུལ་དང་།ཚགས་དེབ་ཅིག་འཕེལ་རྒྱས་འགྲོ་མིན་གྱི་བླ་སྲོག་གཙོ་བོ་དེར་ཐུག་ཡོད་པར་སྙམ། དེ་བཞིན་རྩོམ་པ་པོ་ཞིག་ལ་མཚོན་ཡང་། རྩོམ་སྒྲིག་པའི་བླ་མེད་ཀྱི་མཐོང་ཆེན་དང་རྩོམ་བསྐུལ་སོགས་ཀྱང་རང་ཉིད་གསར་རྩོམ་ལ་ཞུགས་པའི་སྒུལ་ཤུགས་དང་མདུན་སྐྱོད་ཀྱི་རྐྱེན་དུ་འགྱུར་ངེས་པ་ནི་ལྐོག་ཏུ་མ་འགྱུར་བ་ཞིག་རེད།

ཕྱིར་དྲན་བྱེད་དུས། ལོ་དེ་ནི2018ལོའི་དགུན་ཁ་ཞིག་སྟེ། ཕྲན་གྱི་མི་ཚེའི་ཁྲོད་ནམ་ཡང་བརྗེད་མི་སྲིད་ཅིང་། ཡང་གཅིག་བཤད་ན། ང་དང《དཀར་མཛེས་ཉིན་རེའི་ཚགས་པར》གྱི་ཆེས་ཐོག་མའི་འབྲེལ་གཏུགས་ཀྱི་སྒོ་མོ་བརྡུངས་པའི་ཡིད་འོང་གི་ལོ་ཟླ་ཞིག་ཏུ་བརྩིས་ཆོག

སྐབས་དེར། དྲྭ་ལམ་གྱི་འཕྲིན་སྦྱོར་ཁག་ཏུ།《དཀར་མཛེས་ཉིན་རེའི་ཚགས་པར》གྱིས་བོད་ཡིག་གི་ལམ་ནས་གསར་རྩོམ་གནང་བཞིན་པའི་རྩོམ་པ་པོ་ཡོངས་ལ་ཁ་ཕྱོགས་ཏེ། ལྷུག་རྩོམ་གྱི་འགྲན་བསྡུར་ཞིག་སྤེལ་འཆར་གྱི་བརྡ་ཐོ་བཏང་ཡོད་པར། ངས་ཀྱང་ཚོད་ལྟའི་ཚུལ་དུ《ཕ་ཡུལ་གྱི་འགྲུལ་བཞུད་ཐེངས་ཤིག》་ཅེས་པའི་ལྷུག་རྩོམ་ཞིག་བྲིས་ཏེ་བསྐུར་བ་ཡིན་ཞིང་། ཡིད་ལ་དྲན་མ་མྱོང་པ་ཞིག་ལ། ཟླ་གཉིས་ལྷག་འགོར་རྗེས་ཕྲན་གྱི་ལྷུག་རྩོམ《ཕ་ཡུལ་གྱི་འགྲུལ་བཞུད་ཐེངས་ཤིག》ཅེས་པར་དཔྱད་འདེམས་ཁྲོད་བྱ་དགའ་ཨང་གསུམ་པའི་ཐོབ་ཅིང་། རྩོམ་སྒྲིག་པ་རེ་གཉིས་དང་གྲོགས་པོ་དག་གིས་ཀྱང་རྟེན་འབྲེལ་ཡང་ཡང་ཞུས་ཐོག མ་འོངས་པའི་ལོ་ཟླའི་ཁྲོད་དགའ་ཕྱོགས་རྒྱུན་བསྐྱང་དགོས་པའི་སྙིང་ཕུར་བརྡབས་བྱུང་། ཡུན་རིང་པོ་མ་ཕྱིན་པར་རྩོམ་རིག་སྒྱུ་རྩལ་པར་ངོས་ཀྱི་རྩོམ་སྒྲིག་པ་མིག་དམར་དོན་འགྲུབ་ཀྱིས་ཀྱང་ངའི་སྐད་འཕྲིན་དུ་བྱ་དགའི་དངུལ་དང་རྩོམ་ཡོན་བསྐུར་ཞིང་། རྗེས་སུ་བྱ་དགའི་དཔང་ཡིག་ཀྱང་སྦྲག་སྲིད་བརྒྱུད་ནས་ང་ལ་བསྐུར་བྱུང་།

དོན་གྱི་བྱུང་བ་དེར་བརྟེན་ནས། ངས་ཀྱང་ཁམས་ཕྱོགས་ཀྱི་《དཀར་མཛེས་ཉིན་རེའི་ཚགས་པར》ལ་རིམ་གྱིས་དོ་སྣང་བྱེད་མགོ་ཚུགས་ཤིང་། རང་ཉིད་ཀྱིས་བྲིས་པའི་སྙན་ངག་དང་ལྷུག་རྩོམ་ཡིན་ནོ་དག་རྩོམ་སྒྲིག་ཁང་ལ་ཡང་ཡང་བསྐུར་བ་ཡིན། སྤྱིར་རྩོམ་ཡིག་འབྲི་རྒྱུ་ནི་ཐུག་པ་བསྐོལ་བ་བཞིན་ལས་སླ་མོ་ཞིག་མིན་ཞིང་། ལྷག་པར་རང་ཉིད་ང་རྒྱལ་སྐྱེས་ཆོག་པའི་བརྩམས་ཆོས་འདི་འོ་ཞེས་ངོས་འཛིན་རྒྱུ་མི་འདུག་མོད།འོན་ཀྱང་རྩོམ་སྒྲིག་པས་རྩོམ་ཡིག་དག་རེ་ཞིག་བཏང་སྙོམས་སུ་མ་བཞག་པར་ཚགས་པར་སྟེང་བཀོད་བྱུང་བས། ང་ལ་མཚོན་ན། ཐན་པས་མནར་བཞིན་པའི་ལྗང་སྨྱུག་ཅིག་གློ་རྡེག་ཏུ་ཉི་འོད་དང་ཆར་ཆུས་ལེགས་པར་བསྐྱངས་ཏེ་ཡང་བསྐྱར་ལྗང་ལྡེམ་ལྡེམ་གྱིས་འཚར་ལོངས་བྱུང་དུ་བཅུག་པའི་གོ་རིམ་དང་ཤིན་ཏུ་འདྲ།

གང་ལྟར། ཕྲན་ནིརང་ཅག་བོད་ཁུལ་གྱི་ཚགས་དེབ་སྣ་ཚོགས་སྟེང་རྩོམ་ཡིག་རེ་ཟུང་བཀོད་མྱོང་བའི་ན་གཞོན་རྩོམ་དགའ་ཞིག་དང་། དེ་ལས《དཀར་མཛེས་ཉིན་རེའི་ཚགས་པར》གཙོས་བྱས་པའི་ཚགས་དེབ་སྣ་ཚོགས་ཀློག་སྐལ་དུ་སྨིན་པའི་ཀློག་པ་པོ་དཀྱུས་མ་ཞིག་ཡིན་གཤིས། ཕྲན་གྱི་རྩོམ་འབྲིའི་བརྒྱུད་རིམ་ཁྲོད་སེམས་ཀྱིས་སྙོར་ཞིང་། འོད་ཀྱིས་འཚོས་མྱོང་པའི་《རྩོམ་སྒྲིག་ཁང》དང་དེའི་རྩོམ་སྒྲིག་པ་དག་ལ་བཀའ་དྲིན་གྱི་ཁ་བཏགས་ཡུག་གཅིག་འབུལ་སྙིང་སྐྱེས་ཤིང་། དེ་ལས་ཀྱང《དཀར་མཛེས་ཉིན་རེའི་ཚགས་པར》རྩོམ་སྒྲིག་ཁང་དང་རྩོམ་སྒྲིག་པ་མིག་དམར་དོན་འགྲུབ་ཀྱིས་མཐོང་ཆེན་བྱས་པའི་མྱོང་བ་འདི་དག་དྲན་པའི་ཁྲོད་སྲོ་མང་བཞིན་འཚངས་ཏེ་ཅིས་ཀྱང་བརྗེད་མི་སྲིད།

མཇུག་ཏུ་སྨྲ་འདོད་པ་ཞིག་ལ། ང་དང《དཀར་མཛེས་ཉིན་རེའི་ཚགས་པར》བར་གྱི་འདས་དོན་འདི་ཡང་མི་བྱིངས་ལ་མཚོན་ན་སྤྱིར་བཏང་དུ་འདུག་པས་གླེང་རིན་ཆེར་མི་འདུག་མོད། འོན་ཀྱང་ང་ལ་མཚོན་ན་རྩོམ་འབྲིའི་ལམ་ཁ་རུ་བྱུང་བའི་མཛེས་སྡུག་གི་ཕྱིར་དྲན་ཐེངས་ཤིག་དང་མདུན་སྐྱོད་ཀྱི་སྲོག་ཤིང་དུ་སྒོམ་པས་ཡིན་ལ། ཡང་ན་རང་ལ་བཀའ་དྲིན་ཆེ་བའི་《རྩོམ་སྒྲིག་ཁང་》དང་དེའི་རྩོམ་སྒྲིག་པར་དྲིན་གཟོའི་མཚོན་བྱེད་ཅིག་ལ་བལྟས་ཡོད། ཞོར་དུ་ང་རང་ཀློག་པར་སྤྲོ་བའི《དཀར་མཛེས་ཉིན་རེའི་ཚགས་པར》གྱི་པར་ངོས་སྔར་ལས་འཁྲུག་ཆ་དོད་པོར་བསྒྲུབས་ཏེ། མ་འོངས་པར་བསིལ་ལྡན་གངས་རིའི་ཡུལ་གྱི་ཆེས་དགའ་བསུ་ཐོབ་པའི་ཚགས་པར་ཞིག་ཏུ་འགྱུར་བའི་སྨོན་འདུན་སྙིང་ནས་ཞུ།

  • ལེ་ཚན་སྔོན་མ།:དངངས་སྐྲག་དང་རེ་སྒུག་ཆེ་བའི་སློབ་ཐུན་དང་པོ།
  • ལེ་ཚན་རྗེས་མ།:ཤིང་གི་དྲིན་ལན། སྟ་རེས་ལོག་འཇལ།