དངངས་སྐྲག་དང་རེ་སྒུག་ཆེ་བའི་སློབ་ཐུན་དང་པོ།

མཁའ་འགྲོ་ཚེ་རིང་།        2021-02-26

    དུས་ཚོད་ནི་ཟོལ་གྱིས་བཞུར་བའི་ཆུ་ཕྲན་ཉིད་དང་།འདས་སོང་གི་ལོ་ཟླ་ནི་ཆ་འཇོག་མེད་པའི་གླེང་གཞི་ཇི་བཞིན་དུ།ཕྲན་གྱིས་དམའ་འབྲིང་གི་འཚོ་བ་དེ་ཤེས་མེད་ཚོར་མེད་དུ་བསྐྱལ་ནས་གཏན་བྲལ་གྱི་ལག་བརྡའི་རི་མོ་འབྲི་བཞིན།གསེར་ཆེན་བཙོ་མའི་ཁུ་བ་བྱུགས་འདྲའི་འབྲས་ལྡན་གྱི་སྟོན་ཁ་འདིའི་མགོ་སོར་དང་།ཡང་ན་སྟོན་རླུང་དལ་བུར་ལྡང་བ་ཡིས་བདག་གི་ལུས་སེམས་ཡོངས་སུ་ཁུར་ནས་མཐོ་འབྲིང་གི་སྒོ་ཐེམ་འགྲིམས་མགོ་བརྩམས་པ་ཡིན།

     ཕྲན་གྱིས་བསམ་པར།རང་ཉིད་ཀྱིས་གསེར་གྱི་འདབ་གཤོག་དེ་མཐོ་འབྲིང་གི་བར་སྣང་ནས་འཕུར་བསྐྱོད་ལ་བརྐྱངས་ཐུབ་སོང་བ་ནི།སྐྱེས་བ་སྔ་ཕྱིའི་འདུས་བྱས་ཀྱི་ཚོགས་བསགས་དང་།དེང་ལས་དབང་གི་བགོས་བསྐལ་ཙམ་དུ་སྨིན་སོང་བ་མ་ཡིན་པར།དྲིན་ཆེན་དགེ་རྒན་མཆོག་གི་ཞལ་གསུང་ལས་བྱུང་བའི་བདུད་རྩིའི་མངར་ཁ་ཇི་བཞིན་ཤེས་བྱ་སྣ་ཚོགས་དང་སློབ་གསོའི་གདམས་ངག་ལས།གཞན་ད་དུང་འཆད་འགྱུར་མང་པོའི་བཀའ་དྲིན་གསེར་རི་མཐོན་པོའི་མདངས་སོགས། ལྷག་པར་ཡ་ཆུང་ཁོག་གི་སྙིང་དང་དཔྲལ་བའི་མིག་ཇི་བཞིན་ནམ།ང་རང་ལག་མགོའི་མཆོད་པ་ཇི་བཞིན་གཉོར་བའི་དྲིན་ཆེན་ཕ་མ་ཟུང་གིས་རྒྱབ་སྐྱོར་གྱི་ཀ་བ་བརྟན་པོ་བཙུགས་པའི་བཀའ་དྲིན་ཡིན་ནོ།།

     ང་ཡིས་དྲིན་ཆེན་དགེ་རྒན་དང་ཕ་མ་རྣམ་གཉིས་གཙོས་མཛད་པའི་ཉེ་དུ་མཛའ་གཤེས་དག་གི་རེ་བ་ཆེན་པོ་རི་འདྲ་ཁུར་ཏེ།བརྩེ་བ་དྲོན་མོ་རུམ་གང་བཅུག་ནས་ཁུལ་མི་རིགས་དགེ་འོས་སློབ་གྲྭ་སྟེ་ཁུལ་མི་རིགས་མཐོ་རིམ་སློབ་འབྲིང་དང་པོར་སླེབས།བར་སྐབས་འདིར་ཐོག་མར་ང་ཚོས་ཉིན་བཅུ་བཞི་ཙམ་གྱི་རིང་ལ་སློབ་ཞུགས་སློབ་གསོ་དང་དམག་སྦྱོང་ལ་སོགས་གཉེར་ནས་སློབ་ཁྲིད་མ་བྱས།དེ་རིང་ཉིན་བཅུ་བཞི་འགོར་རྗེས་ཀྱི་རེ་གཟའ་དང་པོ་ཡིན་ཏེ།སློབ་ཁྲིད་མགོ་རྩོམ་པའི་ཉིན་ཡང་ཡིན།དེ་བས་གོང་མགོ་ཁྲིད་ཀྱྱི་བཀོད་སྒྲིག་དང་ལས་བགོས་ལྟར།ང་ཚོའི་དེ་རིང་གི་ཉིན་འདིའི་སློབ་ཁྲིད་དང་པོ་ནི་བོད་སྐད་ཡིག་ཡིན།

    རེ་གཟའ་དང་པོ་སྟེ་དེ་རིང་།སློབ་གྲོགས་དག་སློབ་ཁང་ནང་ཐོན་རྗེས་སློབ་ཁྲིད་བཀོད་སྒྲིག་གི་རེའུ་མིག་སྟེང་སྤྱན་ཟུང་གི་མདའ་མོ་འཕངས་མ་ཐག རྩད་བསྡུར་དང་གྲོས་གཅོད།ཚོད་དཔག བདེན་འཁྱོལ།རིག་འདེད་ཅིག་གི་མགོ་བརྩམས་སོང་པ་ནི།སློབ་གྲོགས་ཚོས་བོད་སྐད་ཡིག་དགེ་རྒན་དགེན་ལྷ་ཕྱུག་འབུམ་ལགས་སུ་ཡིན་པ་རང་རང་ས་ནས་བསམ་ཚོད་ཀྱིས་ཐག་གཅོད་བཞིན་ཡོད།དེའང་ཅི་ཁག སྔོན་མ་ནས་ང་ཚོའི་གོ་ཐོས་སུ་གྱུར་བའི་དགེན་ལྷ་ཕྱུག་འབུམ་ལགས་ནི་སློབ་ཁྲིད་སོགས་བྱ་བའི་ཐད་ནན་ཏན་ནམ་བཙན་པོ་ཡིན་པ་སློབ་མ་ཚོས་མིང་གོ་བ་ཙམ་གྱིས་ལུས་ཀྱི་བ་སྤུ་འདར་བ་དང་སྐྲ་ལོ་གྱེན་གཟེང་བྱུང་བ།ཡིད་སེམས་དཔའ་བཀོང་བར་བྱེད་པའི་གནས་སུ་གྱུར་ཡོད་ལ།སློབ་ཁྲིད་སྐབས་སུ་ཡང་གསར་རྒོད་འབྲོང་གཡག་གི་དོ་ཡ་གྱུར་བ་དག་གིས་ཀྱང་སྣ་འཐེན་པར་ཡང་སྐྲག་སྐད་དུ་ཟེར།ང་ཚོས་གཞན་བཤད་ཀྱི་བདེན་རྫུན་མི་ཤེས་པའི་གཏམ་དེ་དག་མགོ་ཟུར་དབྱེན་རྒན་མ་བརྒྱུད་ཡིད་ལ་བཞག་པ་ན།ལུས་སེམས་གཉིས་ཅུང་མི་བདེ་བའི་གནས་སུ་གྱུར་རོ།

    དིང་ལིང་ལིང།དངངས་སྐྲག་ལས་བྱུང་བའི་རེ་སྒུག་གི་སློབ་ཁྲིད་ཐོག་མ་དེ་ད་ནི་དངོས་གནས་བྱེད་བྱུང་།ང་ཚོ་རང་རང་གི་འདུག་ས་ནས་བསྡད་དེ་ཅུང་ཙམ་འགོར་བ་ན།མིག་མཐར་མཆི་མས་བརླན་ཚར་ཡང་སྔར་བཞིན་རེ་སྒུག་ཆེ་བའི་བོད་སྐད་ཡིག་དགེ་རྒན་དགེན་ལྷ་ཕྱུག་འབུམ་ལགས་སླེབས་སོང་།

      ཁོང་གི་འགྲོས་ཀྱི་གོམ་སྟབས་རྟ་ཕོའི་རྨིག་སྒྲ་ཇི་བཞིན་རམ་ཤུགས་ཆེ་བ་དེ་མྱུར་མོར་ཁྲིད་སྟེགས་སྟེང་བསྒྱུར་རྗེས།ཐོག་མར་ངའི་བསམ་པར་ཕོ་རྩལ་སྣ་དགུའི་སྟོབས་ལས་སྐྱེས་པའི་ལོ་ཆུང་དགེ་རྒན་ཁོང་ནི་ཕྲན་ལགས་དང་བསམ་ཕྱོགས་མཐུན་རྒྱུ་རེད་འདོད།རྒྱུ་མཚན་ཡོད་དེ།ཁོང་ལགས་ཀྱིས་གོམ་བགྲོད་ལ་བོད་རང་གི་གནའ་མིའི་རྩམ་དྲི་ཤ་དྲི་མ་ཡལ་བའི་སྤྱོད་ལུགས་དང་དེང་དུས་རབས་གསར་བའི་བློ་གྲོས་ཀྱི་དཔའ་སྤོབས་གསར་བ་ཞིག་སྐུང་ཡོད་པར་འདོད།ཁྲིད་སྟེགས་སྟེང་བསྡད་ནས་ང་ཚོ་ལ་ཁ་བརྡ་བྱེད་མགོ་བརྩམས་པ་ནས་གདོང་ཇེ་ནག་དང་ངོ་ཇེ་སྨུག བཤད་ཀྱིན་བཤད་ཀྱིན་སྐྲ་ལོ་འགྱུ་ལི་བཅོས་པ་ཡང་འཚབ་ཇེ་ཆེ་ནས་ཇེ་ཆེར་སོང་བའི་ཚོར་བ་སྐྱེས་ལ་དེ་ལྟར་གྱུར་སོང་བ་ཡང་རེད་པའོ།དེ་ལས་ཁོང་ལགས་ནི་ལྡུམ་ར་ལྟ་བུའི་མེས་རྒྱལ་འདི་དང་།ཁྱིམ་ཚང་ལྟ་བུའི་མི་རིགས་འདི་ག་ནས་སློབ་གསོ་ལ་དགའ་ཞེན་དང་དུང་ཞེན་ཆེ་བའི་དགེ་རྒན་ཞིག་ཡིན་པ་གཅིག་ཤེས་ཀུན་གྲོལ་དུ་སྣང་།ཁོང་ལགས་ཀྱིས་ད་ཐེངས་ཀྱི་སློབ་ཐུན་འདིར་ནང་དོན་མང་པོ་མ་བྱས་རུང་།སྡེ་ཚན་དང་པོ་དེ་སྤྱི་ཁོག་ནས་ངོ་སྤྲོད་བྱེད་པའི་སྐབས་སུ་ཡང་།བཤད་པའི་སྐད་ཆ་དང་ཚིག་སྦྱོར་སྤེལ་སྟངས་གསོན་པོ་སྲོག་དང་ལྡན་པ་ཞིག་ལས་གཞན།ལུས་ཡན་ལག་གི་སྤྱོད་སྟངས་དང་འགུལ་སྟངས་ཀྱང་སྣ་ཚོགས་ལྡན་པས།ཁོང་གི་སློབ་ཁྲིད་ནི་འགུལ་རིས་བརྙན་འཕྲིན་ལས་ཡག་པའི་ལེ་ཚན་འབའ་ཞིག་ཡིན་པ་གདོན་མི་ཟའོ།དེ་བས་བདག་ཀྱང་འཕྲལ་མར་བོད་ཡིག་སློབ་འདོད་ཀྱི་མེ་ལྕེ་གྱེན་དུ་འཕྱོ་བར་བྱས་ནས་ངར་ཤུགས་ཆེ་བར་ཕྱིན་པ་ལས།ཁ་ཡག་ཚིག་བཟང་གི་བརྗོད་པ་སྤེལ་ནས་ངོ་བསྟོད་རླུང་གིས་སྤུར་བ་མིན་ནོ།།

     སྤྱིར་ད་རེས་སྐད་ཡིག་སློབ་ཐུན་འདི་བདག་ལ་ཆ་མཚོན་ན་ཡང་སློབ་གྲོགས་གཞན་ལས་མ་འདས་པར་རེ་སྒུག་ཆེ་ལ།དངངས་སྐྲག་སྐྱེས་པ་ཞིག་ཀྱང་ཅི་ལ་མིན།འོན་ཀྱང་སློབ་ཁྲིད་ལ་དངོས་སུ་ཞུགས་པ་བརྒྱུད།བདག་སེམས་དེ་ལས་ལྡོག་སྟེ་མ་འོངས་པའི་བོད་ཡིག་སློབ་ཁྲིད་ལ་བླ་ལྷག་གམ་བརྒྱ་འགྱུར་སྟོང་གྱུར་ནས་རེ་སྒུག་ཆེ་ལ།དངངས་སྐྲག་གི་མེ་ལྕེ་ཡང་དགེ་རྒན་ཁོང་ལགས་ཀྱི་སྒྱུ་རྩལ་སྐད་ཆའི་ལང་ཚོ་མའི་རྔུལ་ཆུ་ཡིས་མེ་རོ་ཙམ་ཡང་ལྷག་པ་མེད་པར་རྩ་བ་ནས་ཞི་སོང་ངོ་།།


 

  • ལེ་ཚན་སྔོན་མ།:​སྟོན་ཁ། སྟོན་ཁ།
  • ལེ་ཚན་རྗེས་མ།:ང་དང《དཀར་མཛེས་ཉིན་རེའི་ཚགས་པར》གྱི་གཏམ་རྒྱུད།