མི་རྟག་པའི་མགུར།

ཇོ་ཇོ།        2021-02-26

འདི་ནས་ཡར་ལ་དེད་པའི་ལོ་ཟླ་གཅིག་སྟེ།།

ཉིན་དང་ཟླ་བ་བརྩེགས་པའི་དུས་ཀྱི་ཕུང་པོ།།

རི་དང་ལྗོན་པའི་འཁྲིས་ན་ད་སྐབས་མི་འདུག།

དེ་ཉིད་གང་དུ་བཞུད་སོང་ཤེས་མཁན་ཡོད་དམ།།

བདག་ལ་གྱེས་ཕྱག་མེད་པ་ཅི་ཞིག་ཡིན་ནམ།།

གློ་བུར་གཞི་མེད་དབྱིངས་སུ་ཞི་བ་མིན་ནམ།།

ངས་ནི་བློ་རྩེ་གཏད་ནས་འཚོལ་བཞིན་ཡོད་པས།།

གལ་ཏེ་གླིང་འདིར་སྲིད་ན་བརྡ་ཞིག་སྤྲོད་ཅིག།

འདི་ནས་ལོ་རྒན་ཞིག་གི་རྒྱབ་ལོག་དེ་ན།།

བདག་ལ་ཆ་རྒྱུས་ཟབ་པའི་མི་ཞིག་ཡོད་དེ།།

དེ་གའི་མིང་ལ་རི་དྭགས་ཁྲམ་པ་ཟེར་མོད།

དེ་རིང་འདི་ན་མི་འདུག་ཅི་ཞིག་ཡིན་ནམ།།

སྐར་མ་གཞན་གྱི་སྟེང་ན་བུད་སོང་མིན་ན།།

ཡང་ན་ཞི་བའི་གླིང་ན་གཟིམས་པ་ཨེ་རེད།།

གང་ལྟར་ང་ཡི་མཐོང་སར་ཁྱེད་རང་མི་འདུག།

ངས་ནི་རི་ཆུ་བརྒལ་ནས་འཚོལ་བཞིན་ཡོད་པས།།

ཅིས་ཀྱང་ད་དུང་སྲིད་ན་ང་ལ་ཤོད་ཅིག

  • ལེ་ཚན་སྔོན་མ།:​སླར་ཡང་མཇལ་ཡོང་།
  • ལེ་ཚན་རྗེས་མ།:སླར་མཇལ། སྙིང་ཉེ་བའི་བྱ་ཁྱུ།