​སླར་ཡང་མཇལ་ཡོང་།

གཞི་ཚང་ཟླ་བ་གྲགས་པ།        2021-02-03

སྙན་ངག་པ་རྩེ་སྲས་ཨ་རྡོ་ལ།

སྐབས་འདིར།

ང་ལ་ཆ་མེད་ཅེས་མ་གསུང་རོགས།

ཁྱོད་རང་མཐོ་སྒང་གི་ཕྱུགས་རྫི་འབྲོག་པ་ཞིག་མིན་ནམ།

ངས་ཁྱོད་ཀྱི་གངས་འདབས་ཀྱི་སྦྲ་དང་

ནོར་གནག་མཐོང་།

ཁྱོད་རང་དབུས་ལ་ལོག་པའི་ཨ་ཇོ་ཉམ་ཆུང་

ཞིག་མིན་ནམ།

ངས་དངུལ་ཆུས་བྲན་པའི་ཁྱོད་ཀྱི་རྡོག་ཁྲེས་དང་

རྐང་རྗེས་མཐོང་།

ཁྱོད་རང་ལག་ན་སྨྱུ་གུ་ལས་མེད་པའི་མགར་བ་

ཞིག་མིན་ནམ།

ངས་དབྱངས་གསལ་གྱིས་བརྡུངས་པའི་ཁྱོད་ཀྱི་

“དགུ་ཟི་དགུ་རོགས”མཐོང་།

ང་ལ་ཆ་ཡོད་ཅེས་ཀྱང་མ་གསུང་རོགས།

ཁྱོད་ཀྱིས་ཉི་ཟླའི་སྒེའུ་ཁུང་ནས་ཕུར་ཚུགས་སུ་ཅེར་ཏེ།

རྨི་ལམ་ཅི་ཞིག་ལ་རྒྱང་མིག་གློད་ཡོད་དམ།

ཁྱོད་ཀྱིས་ཚིལ་དྲེགས་མ་ཆགས་པའི་འབྲི་དེབ་

སྟོང་པའི་ངོས་སུ།

ཞི་རྒྱས་དབང་དྲག་གི་ལྷ་ཚོགས་གང་གི་སྐྱ་ཐིག་

འཐེན་ཡོད་དམ།

ཁྱོད་ཀྱིས་བཀླག་འཕྲོར་ལུས་པའི་རིག་བྱེད་གཏམ་རྒྱུད་

ཁྲོད་དུ།

མུ་ཏིག་བཞིན་དཀར་བའི་རྨི་ལམ་ག་ཙམ་

བསྐུངས་ཡོད་དམ།

ངས་གློག་རྡུལ་མ་ལག་སྣ་ཚོགས་ཀྱི་སྒོ་མོ་ཇི་ལྟར་ཕྱེས་ཀྱང་།

གསང་གྲངས་འདི་ཁོ་ན་གཏོར་ཐབས་མ་བྱུང་།

གངས་རི་ལ་བཅངས་པའི་ཆགས་སྡང་གི་རུས་པ་

མཁྲེགས་པོས།

ཟག་མེད་འོད་སྐུ་དང་རྒྱང་ཐག་རིང་དུ་ཕྱིན་ཡང་།

མི་ལོ་ཉི་ཤུའི་རྗེས་ནས།

འུ་ཅག་སྔར་བཞིན་གངས་རིའི་འདབས་ནས་འཛོམ་ཡོང་།

སྡིག་སྒྲིབ་ཀྱི་གཉེར་མས་ང་ཚོའི་

ངོ་གདོང་སྒྲིབ་ཚར་ནའང་།

སྨག་ནག་པའི་མཚན་མོའི་རྒྱ་མཚོ་བརྒལ་དུས།

འུ་ཅག་གཟིངས་གཅིག་པའི་གྲུ་ཤན་པ་འབའ་ཞིག་ཡིན།

འོད་ལམ་ལམ་གྱི་ཉི་མས་རི་ལུང་ལ་བྱིལ་བྱིལ་གནང་དུས།

འུ་ཅག་གངས་གྲོང་ནས་རྒུམ་བུ་ལྷན་དུ་སྒྲུག་པའི་

བྱ་བྱེའུ་ཤ་སྟག་ཡིན།


  • ལེ་ཚན་སྔོན་མ།:ངའི་བློ་རྒྱ་ཁྱོད་རང་ཤོང་ཙམ་ལས་མེད།
  • ལེ་ཚན་རྗེས་མ།:མི་རྟག་པའི་མགུར།