འགྲུལ་བཞུད།

པདྨ་ལྷ་མཛེས།        2021-01-28

    འགྲུལ་བཞུད་ཅེས་པའི་ཐ་སྙད་ནི་གཟི་བརྗིད་སིམ་པའི་ཐ་སྙད་ཡིན་ནམ། ཁེར་རྐྱང་མནར་བའི་ཡིག་འབྲུ་ཆག་ཐོར་ཡིན་པར་ཆ་མ་འཚལ། ང་ལྟ་བུར་མཚོན་ན་དེ་ནི་ཕམ་ཁ་དང་གཟི་བརྗིད་ཀྱིས་དེད་པའི་སྐྱ་བོའི་ལམ་དེ་ཡིན་པ་འདྲ།

    ང་ནི་ཆུང་ནས་ཆེ་བར། དབྱར་ནས་དགུན་བར་ལམ་དེ་ནས་འགྲོ་བཞིན་ཡོད་མོད། ད་རུང་ལམ་གྱི་སྣེ་ཞིག་མ་ཟིན། ཉི་མ་ནུབ་པ་ནས་མཚན་མོ་བསླེབས་ཐེངས་རེར། ཉིན་དཀར་མོའི་འགྲུལ་བཞུད་སེམས་ན་རྒྱ་མཚོའི་ནང་གི་གཟུགས་ལས་མ་འདས།

    ཕུགས་འདུན་གྱི་རྩྭ་ཐང་དུ་སྦྲ་ནག་དང་མེ་ཏོག་གི་རྣ་རྒྱན་ཕུད་ཀྱང་། མ་འོངས་ཀྱི་ས་གཤིན་དུ་སྨིན་པའི་ཟེའུ་འབྲུ་ནི་ཞ་ལྐོག་ཏུ་གྱུར་ཞིང་། བྲག་ཅ་མེད་ལ་ཞི་འཇགས་ཀྱང་མ་ཡིན།

    འདི་ལྟར། ཆེས་ཐོབ་འདོད་ཆེ་བ་ནི་ཆེས་ཐོབ་དཀའ་བ་ཇི་བཞིན། ཆེས་བསྒྲུབ་འདོད་ཆེ་བ་དེའང་གཅིག་ཀྱང་མ་འགྲུབ་པར་ལམ་དུ་ལུས་ཡོད་པ་འདྲ་ལ། ལས་དང་དུས་ཚིགས་ཀྱིས་བཙུར་བའི་མི་ཞིག་ནི་དེ་བས་འདྲ་བར་གྱུར།

    སྐབས་འདིར། འགྲུལ་བཞུད་གསར་བ་ཞིག་གི་མགོ་ཚུགས་སོང་། ངས་ཀྱང་ལེ་ལོ་དང་བསླུ་བྲིད་ལས་ཡོལ་ཐུབ་ཅིང་། ཕུགས་འདུན་དུ་དགོས་འདོད་སྨིན་བཏུབ་པའི་བཀྲ་ཤིས་སྨོན་འདུན་ཞུའོ།།


  • ལེ་ཚན་སྔོན་མ།:ལམ་དུ་ཡོད།
  • ལེ་ཚན་རྗེས་མ།:​སྟོན་ཁ། སྟོན་ཁ།