རོང་བྲག་རྫོང་དམུ་རྡོ་གྲོང་རྡལ་གྱིས་མེ་གསོད་གྲབས་སྦྱོང་བྱས་ཏེ་གནོད་སྐྱོན་མ་འོངས་སྔོན་འགོག་བྱས།

དབྱངས་ཅན་གྱིས་བསྒྱུར།        2021-01-27

       ཉེ་ཆར། གྲོང་སྡེ་དང་ཚོ་ཆུང་གི་ལས་བྱེད་པ་དང་གྲོང་སྡེའི་མེ་གསོད་རུ་ཁག་གིས་ཐོལ་བྱུང་གི་དོན་རྐྱེན་ལ་ཁ་གཏད་འཇལ་བ་དང་། ནགས་ཚལ་དང་རྩྭ་ཐང་གི་མེ་སྐྱོན་འགོག་གསོད་བྱེད་ནུས་ཆེ་རུ་བཏང་ནས། དུས་ཐོག་དང་། མགྱོགས་མྱུར། འོས་འཚམ་གྱི་སྒོ་ནས་ནགས་ཚལ་དང་རྩྭ་ཐང་གི་མེ་སྐྱོན་སེལ་བར་ཁག་ཐེག་བྱེད་པ་དང་ཆབས་ཅིག གྲོང་སྡེ་རིམ་པའི་མེ་གསོད་རུ་ཁག་གི་མེ་སྐྱོན་འགོག་འཐབ་ཀྱི་ནུས་པ་རྒྱུས་ལོན་བྱེད་ཆེད། རོང་བྲག་རྫོང་དམུ་རྡོ་གྲོང་རྡལ་གྱི་ནགས་ཚལ་དང་རྩྭ་ཐང་གི་མེ་སྐྱོན་འགོག་གསོད་བཀོད་འདོམས་པུའུ་ཡིས་འོས་འགན་མེ་གསོད་རུ་ཁག་དང་གྲོང་རྡལ་འཕྲོད་བསྟེན་ཁང་བཅས་ཀྱི་མི50ལྷག་བསྡུས་ནས་མེ་སྐྱོན་འགོག་གསོད་ཀྱི་གྲབས་སྦྱོང་བྱས་པ་རེད།

        ཡོད་ཟ་གྲོང་སྡེའི་གྲོང་མིས་སྒྲིག་འགལ་གྱིས་བྱེས་སུ་མེ་སྤྱད་པའི་རྐྱེན་གྱིས་ནགས་ཚལ་དང་རྩྭ་ཐང་དུ་མེ་སྐྱོན་ཤོར་བའི་དབང་དུ་བཏང་ནས། མེ་སྐྱོན་བྱུང་ཚུལ་གྱི་ཉེན་བརྡ་གཏོང་བ་དང་། འཕྲལ་བསྟུན་དང་ལེན། དཔུང་སྡེ་རུབ་འཛོམས། མེ་སྐྱོན་གྱི་གནས་ཚུལ་ཞིབ་འཇུག་དང་བརྡར་ཤ་གཅོད་པ། མེ་གསོད་དང་མེ་སྐྱོན་བྱུང་ཡུལ་གཙང་བཤེར། མེ་སྐྱོན་བྱུང་རྐྱེན་བརྟག་དཔྱད་བཅས་ལ་ཚན་རིག་དང་མཐུན་པའི་སྒོས་གྲབས་སྦྱོང་བྱས་པ་རེད། གྲབས་སྦྱོང་བྱེད་རིང་དུ་ལས་སྒྲུབ་ཚོ་ཆུང་གི་གྲུབ་མིས་རང་འགན་རང་ཁུར་དང་བཀའ་བཀོད་ལ་ཉན་ནས་ལས་ཆོད་ཆེ་ཞིང་གོ་རིམ་ལྡན་པའི་སྒོས་རང་ཉིད་ཀྱི་ལས་འགན་བསྒྲུབས་པ་རེད།

        དམུ་རྡོ་གྲོང་རྡལ་གྱི་འགན་ཁུར་མི་སྣས་གྲབས་སྦྱོང་བྱེད་རིང་དུ་གོ་རིམ་ལྡན་པ་དང་རྩ་འཛུགས་ནུས་ལྡན་ཡིན་པས་སྔོན་དཔག་གི་ཕན་འབྲས་ཐོབ་ཡོད་པ་རེད། རྗེས་མར། གྲོང་སྡེ་སོ་སོས་ཐེངས་འདིའི་ཉམས་མྱོང་ཕྱོགས་བསྡོམས་བྱས་ནས་གྲོང་སྡེ་དེའི་འཕྲལ་བསྟུན་གྱི་ཇུས་གཞི་འཐུས་ཚང་དུ་གཏོང་བར་མ་ཟད། གྲབས་སྦྱོང་ཁྲོད་ཀྱི་བྱེད་ཐབས་བརྒྱུད་དེ་རྒྱུན་མཐུད་ངང་གྲོང་སྡེ་སོ་སོར་ནགས་ཚལ་དང་རྩྭ་ཐང་གི་མེ་གསོད་ཀྱི་གྲབས་སྦྱོང་བྱས་ནས། གྲོང་རྡལ་དེའི་འཕྲལ་ཐག་གཅོད་ནུས་དང་མེ་གསོད་བྱེད་ནུས། བདེ་འཇགས་ངང་མེ་སྐྱོན་གཡོལ་ནུས་བཅས་ཇེ་དྲག་ཏུ་གཏོང་ཞིང་། སེམས་ཐག་གཙང་བཅད་ཀྱིས་མི་དོ་དམ་དང་། མེ་དོ་དམ། ས་ཁུལ་གཙོ་བོར་དོ་དམ་ཡག་པོ་བྱས་ཏེ། དམུ་རྡོ་གྲོང་རྡལ་དུ་ནགས་ཚལ་དང་རྩྭ་ཐང་གི་མེ་སྐྱོན་དང་མི་སྣ་འཆི་རྨས་མི་ཡོང་བར་ཁག་ཐེག་བྱ་རྒྱུ་ཡིན་ཞེས་བཤད་པ་རེད།།

  • ལེ་ཚན་སྔོན་མ།:ལིའུ་ཁྲེང་མིང་དང་ཞའོ་ཡིའུ་ཚའེ་ཡིས་ཀྲུང་གོ་ལྕགས་ལམ་གྲོང་ཁྱེར་མ་འཇོག་ཚོགས་པའི་རྐང་དཔོན་ཧོང་ཐེན་ཏེ་དང་བཅས་པར་མཇལ་འཕྲད་གནང་།
  • ལེ་ཚན་རྗེས་མ།:རྡུང་རྡེག་གི་མཉམ་ཤུགས་ཆགས་པར་བྱས་ཏེ། གྱོད་གཞིར་བརྟེན་ནས་འགོག་སྲུང་ལ་སྐུལ་འདེད་བཏང་།
  • དོ་སྣང་ཆེ་བའི་རྩོམ།