མཚམས་སྤྲིན།

མདོ་བསྟན་འཛིན་སྣང་གྲོལ།        2021-01-26

ཁྱོད་གཉིས་ཀྱིས་རང་གི་མཁྲིག་མའི་ཆུ་ཚོད་འཁོར་ལོར་ལྟ་ཙམ་བྱས། ད་ལྟ་ཏག་ཏག་རྒོངས་ཀའི་ཆུ་ཆོད་5:50རེད།

སྐར་མ་བཅུའི་རྗེས་ནས། ཁྱོད་གཉིས་ཟམ་པ་འདིའི་སྟེང་ནས་སོ་སོར་གྱེས་ཏེ་གཙང་བོ་ཆེན་པོ་འདིའི་ཕར་ཚུར་ལ་ལོག་དགོས། འོན་ཏེ། སྐར་མ་བཅུའི་རྗེས་ནས། ཁྱོད་གཉིས་ཟམ་པ་འདིའི་སྟེང་ནས་གཏན་དུ་སོ་སོར་གྱེས་ཏེ་གཙང་བོ་ཆེན་པོ་ལྟ་བུའི་འཇིག་རྟེན་འདིའི་ཕར་ཚུར་ལ་ལོག་དགོས་པ་ཁྱོད་ཁོ་ན་མ་གཏོགས་སུ་ཡིས་ཤེས།

“ མཚམས་སྤྲིན་གན་མཛེས་པ་ལ.........”

མོས་གདོང་ནུབ་ཕྱོགས་སུ་འཁོར་ནས་དེ་ལྟར་སྨྲས། ཡིན་ནའང་། ཚིག་དེའི་མཇུག་ནི་གཙང་བོ་ཆེན་པོ་དེའི་རླབས་སྒྲའི་ནང་དུ་ཐིམ་སྟེ་མི་གསལ་བར་གྱུར། ཁྱོད་ཀྱི་སྙིང་གི་ཟབ་ས་ཞིག་ནས་ཀྱང་རྦ་རླབས་གང་ཞིག་གློ་བུར་འཕྱུར་བྱུང་།

ཁྱོད་ཀྱིས་མགོ་བོ་ཡར་བཏེགས་ཏེ་ནུབ་ཕྱོགས་སུ་བལྟས། རྒྱང་རིང་གི་མཁའ་མཐའི་མཚམས་ན་བཀྲག་མདངས་འབར་བའི་མཚམས་སྤྲིན་སྟུག་པོ་དེས། ནམ་མཁའ་དང་ས་གཞི། གངས་རི་དང་གཙང་བོ་ཐམས་ཅད་ཀྱི་ཁ་དོག་ཡོངས་སུ་དམར་པོར་བསྒྱུར་འདུག དེ་ནི་ཏག་ཏག་ལོ་དེའི་རྒོངས་ཀ་དེ་ནང་བཞིན་མཚར་སྡུག་ལྡན་པ་ཞིག་རེད། དེ་ནི་དངོས་གནས་ལོ་དེའི་བརྩེ་བ་ནང་བཞིན་ཡིད་དུ་འོང་བ་ཞིག་རེད།

ཁྱོད་ཀྱིས་མགྲིན་པ་བསལ་ཙམ་གྱིས་ཅི་ཞིག་བཤད་རྩིས་བྱས་མོད། ཁྱོད་ཀྱི་ངག་ལས་ཅི་ཡང་འཁྲོལ་མ་ཐུབ།

ཁྱོད་ཀྱི་ཡིད་ངོར་སྨན་པ་དེས་བཤད་པའི“ཁྱོད་ལ་ཆེས་རིང་ན་ཟླ་གཅིག་གི་དུས་ཚོད་ལས་མི་འདུག”ཅེས་པའི་སྐད་ཆ་ཡང་ཡང་དྲན།

ཁྱོད་གཉིས་འདི་ལྟར། རྒྱང་རིང་གི་མཚམས་སྤྲིན་ལ་མིག་ཟུང་ཕྱོགས་ནས་ཟམ་པ་འདིའི་སྟེང་དུ་འགྲེངས་ནས་སྡོད་དུས། སྐར་ཆ་རེ་རེ་ཐག་སྒྲ་དང་བཅས་ཡལ་བཞིན་འདུག་སྟེ། དེ་ནི་ཏག་ཏག་འཆི་བ་དང་གྱེས་བྲལ་གྱི་ཕྱོགས་སུ་ཡལ་བཞིན་འདུག་པ་ཞིག་རེད། ཐག་སྒྲ་དེ་དག་གི་ནང་དུ། ནུབ་ཕྱོགས་ཀྱི་མཁའ་མཐའ་ན་རབ་ཏུ་སྡུག་པའི་མཚམས་སྤྲིན་དམར་པོ་དེའི་བཀྲག་མདངས་ཀྱང་རིམ་བཞིན་ཉམས་ཀྱིན་འདུག

ཁྱོད་གཉིས་ཀྱིས་རང་གི་མཁྲིག་མའི་ཆུ་ཚོད་འཁོར་ལོར་ལྟ་ཙམ་བྱས། ད་ལྟ་ཏག་ཏག་རྒོངས་ཀའི་ཆུ་ཚོད6:00པ་རེད།


  • ལེ་ཚན་སྔོན་མ།:དད་འདུན་གྱིས་ཕུལ་བའི་མཆོད་སྤྲིན་དཀར་པོ།
  • ལེ་ཚན་རྗེས་མ།:ལས་ཀྱི་བུ་ལོན།