གླིང་གི་རྗེས་ཤུལ་བཙལ་བ་ལས། ༧ རྟ་རྣ་དགོན་དང་གླིང་གི་གདུང་རྟེན།

གངས་དབང་གིས་བྲིས་ཤིང་པར་བླངས།        2021-01-25

གླིང་གི་རྗེས་ཤུལ་བཙལ་བ་ལས། ༧ རྟ་རྣ་དགོན་དང་གླིང་གི་གདུང་རྟེན།

  རྟའི་རྣ་དང་འདྲ་བའི་རི་བོ། 

  ནང་ཆེན་རྫོང་གི་ལྕི་ཆུ་ཡུལ་ཚོའི་ནུབ་ཕྱོགས་དང་། ཀ་གཞུང་ཡུལ་ཚོའི་ཤར་ཕྱོགས། ལྕི་ཡིན་སྲིབ་ཡུལ་ཚོ་གསུམ་གྱི་འདྲེས་མཚམས་སུ། རྟ་ཡི་རྣ་ཅོག་གི་དབྱིབས་དང་ཧ་ཅང་འདྲ་བའི་བྲག་རི་ཞིག་ཡོད་པ་དེ་ལ་རྟ་རྣ་རི་ཞེས་འབོད་ལ། དེའི་སྐེད་ལ་དགོན་པ་ཞིག་ཆགས་ཡོད་པ་དེར་རྟ་རྣ་དགོན་པ་ཞེས་མིང་ཐོགས། དགོན་པ་དེའི་ཕྱོགས་ལ་གླིང་གི་དཔའ་ཐུལ་སུམ་ཅུའི་སྐུ་གདུང་མཆོད་རྟེན་དང་། གླིང་གི་དངོས་རྫས་མང་པོ་ཡོད་པས་གླིང་གེ་སར་རྒྱལ་པོའི་དགོན་པའང་ཟེར་ལ། རྒྱ་གར་གྱི་རྟ་རྣ་དགོན་པ་དང་དབྱེ་བ་འབྱེད་ཆེད་དུ་བྱང་རྟ་རྣ་དགོན་པའང་ཟེར་རོ།།

 གླིང་གི་རྗེས་ཤུལ་བཙལ་བ་ལས། ༧ རྟ་རྣ་དགོན་དང་གླིང་གི་གདུང་རྟེན།
གླིང་གི་རྗེས་ཤུལ་བཙལ་བ་ལས། ༧ རྟ་རྣ་དགོན་དང་གླིང་གི་གདུང་རྟེན།
གླིང་གི་རྗེས་ཤུལ་བཙལ་བ་ལས། ༧ རྟ་རྣ་དགོན་དང་གླིང་གི་གདུང་རྟེན།
གླིང་གི་རྗེས་ཤུལ་བཙལ་བ་ལས། ༧ རྟ་རྣ་དགོན་དང་གླིང་གི་གདུང་རྟེན།

    དེ་ཡང་རྟ་རྣ་དགོན་པ་ནི་ཐོག་མར་བོན་པོའི་དགོན་པ་ཞིག་ཡིན་ལ། སྤྱི་ལོ༡༡༨༨ལོར་ཕག་མོ་གྲུ་པའི་ཐུགས་སྲས་ཡེལ་པ་གྲུབ་ཐོབ་སངས་རྒྱས་ཡེ་ཤེས་བརྩེགས་པ་དགོན་པ་དེར་བྱོན་ཏེ། ཡེལ་པ་བཀའ་བརྒྱུད་ཀྱི་གྲུབ་མཐར་བསྒྱུར་བར་གྲགས། བཤད་སྲོལ་དུ་ཁོང་གིས་གླིང་གེ་སར་རྒྱལ་པོ་དང་དཔའ་ཐུལ་སུམ་ཅུ་རྣམས་ཀྱི་མཛད་འཕྲིན་རྗེས་སུ་དྲན་པའི་ཆེད་དུ་བསྐྱར་བཞེངས་བྱས་པ་རེད་ཟེར། ཉིན་དེར་དགོན་པའི་དོ་དམ་པ་ལགས་ཀྱིས་སྣེ་ཁྲིད་མཛད་པ་ལ་བརྟེན་ནས་གླིང་གི་རྟེན་རྫས་རྣམས་མཇལ་དུ་སོང་། གླིང་གེ་སར་གྱི་ཐུགས་དམ་གསེར་འབུམ་པོད་བཅུ་གཉིས་ལ་གླེགས་ཤིང་ཨ་དཀར་དྲི་བཟང་གི་སྤོས་ངད་འཐུལ་བ་དང་། རྒྱ་ཚའི་འབུམ་ཡག་མ།  འཕགས་པ་བརྒྱད་སྟོང་བ་གསེར་བྲིས་མ་དང་དངུལ་བྲིས་མ། གེ་སར་རྒྱལ་པོའི་ཁྲབ་མིག་བཅུ་གསུམ། མདུང་གི་ལྕགས། ཕུབ་མོ་སྦ་དམར་ལེབ་ཆེན། ཕྱིང་ཞྭ་ཟླ་བའི་མདངས་ཅན། འབྲུག་མོའི་སྐེད་ཆིང་ལི་ཆབ་བྱུ་རུས་བརྒྱན་པ། རྒྱ་ཚའི་རྨོག། འདན་མའི་རྨོག  ཆ་ལང་ཁམས་གསུམ་ཟིལ་གནོན། སིལ་སྙན་ནམ་མཁའ་འབྲུག་གྲགས། ཁྲིམས་རྔ་གསལ་བ་འོད་ལྡན། ཁྲིམས་དུང་དཀར་མོ་རྒྱང་གྲགས་ནང་ལ་རྟ་རྣ་རི་བོའི་གཟུགས་རང་བྱོན་ཅན། ཁྲོ་ཐུང་གིས་འབྲོང་ལ་བརྒྱབ་པས་ཆག་འགས་བྱུང་བའི་གྲི། གླིང་གི་སྦ་ཡི་ཆ་རུ་སོགས་རིག་རྗས་རིན་ཐང་ཅན་མང་པོ་སྣང་། བཤད་སྲོལ་ལ། གླིང་གི་རིག་རྫས་དེ་དག་ཐོག་མར་གླིང་གི་བླ་མ་ཨ་མྱེས་བྱང་ཆུབ་འདྲེ་བཀོལ་གྱིས་ཡེལ་པ་གྲུབ་ཐོབ་སངས་རྒྱས་ཡེ་ཤེས་བརྩེགས་པ་གདན་དྲངས་ཏེ་ཁོང་ལ་ཕུལ་བ་དང་། ཡེལ་པ་སངས་རྒྱས་ཀྱིས་ཐོག་མར་བྲག་ཕུབ་ནང་ཉར་ཚགས་བྱས་པ་དང་།  རྗེས་སུ་རྟ་ན་དགོན་པ་བསྐྱར་བཞེངས་བྱས་རྗེས་དགོན་པ་ནང་དྲངས་པ་རེད་ཟེར།

 གླིང་གི་རྗེས་ཤུལ་བཙལ་བ་ལས། ༧ རྟ་རྣ་དགོན་དང་གླིང་གི་གདུང་རྟེན།
 ཁྲིམས་དུང་དཀར་མོ་རྒྱང་གྲགས་ནང་ལ་རྟ་རྣ་རི་བོའི་གཟུགས་རང་བྱོན་ཅན།

གླིང་གི་རྗེས་ཤུལ་བཙལ་བ་ལས། ༧ རྟ་རྣ་དགོན་དང་གླིང་གི་གདུང་རྟེན།

ཕྱིང་ཞྭ་ཟླ་བའི་མདངས་ཅན།

གླིང་གི་རྗེས་ཤུལ་བཙལ་བ་ལས། ༧ རྟ་རྣ་དགོན་དང་གླིང་གི་གདུང་རྟེན།
གླིང་གི་རྗེས་ཤུལ་བཙལ་བ་ལས། ༧ རྟ་རྣ་དགོན་དང་གླིང་གི་གདུང་རྟེན།

 འབྲུག་མོའི་སྐེད་ཆིང་ལི་ཆབ་བྱུ་རུས་བརྒྱན་པ།  

    རྟེན་རྫས་རྣམས་མཇལ་ཏེ་ཕྱིར་བུད་དུས། གནམ་ལས་ཆར་པ་ཟིམ་ཟིམ་དུ་འབབ་ཀྱིན་འདུག  གླིང་གེ་སར་རྒྱལ་པོ་དང་དཔའ་ཐུལ་སུམ་ཅུའི་སྐུ་གདུང་མཆོད་རྟེན་ནི་དགོན་པ་དང་ཅུང་ཐག་རིང་བའི་རི་སྐེད་ན་ཡོད་ཀྱང་། ཆར་པ་ཟིམ་ཟིམ་ཙམ་དང་ལམ་ཐག་དེ་ཙམ་གྱིས་གདོང་རྟེན་མཇལ་འདོད་ཀྱི་སེམས་པ་ཞི་མི་ཐུབ་ལ་འགྲོ་ལམ་འགོག་མི་ཐུབ་པས། ཆར་ཐིགས་རེ་རེ་ནི་རྟ་རྣ་སེང་གེ་གནམ་རྫོང་གིས་ཆེད་དུ་ཕབ་པའི་བདུད་རྩི་རེ་རེ་ལ་བརྩིས་ཏེ། དགོན་པའི་འདབས་ཀྱི་ལུང་པར་བབ་སྟེ་རི་གདོང་ཞིག་གི་སྐྱ་ལམ་དེད་དེ་སོང་།

 གླིང་གི་རྗེས་ཤུལ་བཙལ་བ་ལས། ༧ རྟ་རྣ་དགོན་དང་གླིང་གི་གདུང་རྟེན།
གླིང་གི་རྗེས་ཤུལ་བཙལ་བ་ལས། ༧ རྟ་རྣ་དགོན་དང་གླིང་གི་གདུང་རྟེན།

 དཔལ་ཐུལ་ཚོའི་རྨོག

གླིང་གི་རྗེས་ཤུལ་བཙལ་བ་ལས། ༧ རྟ་རྣ་དགོན་དང་གླིང་གི་གདུང་རྟེན།

 ཨ་ཁུ་ཁྲོ་ཐུང་གི་གྲི།

 

    གྱེན་ལ་ཤིང་སྐས་བཙུགས་པ་ལྟ་བུའི་རི་ལམ་ལ་འགྲོ་དུས། གཡས་ཕྱོགས་ཀྱི་རྟ་རྣ་རི་བོ་དང་རྟ་རྣ་དགོན་པ་ནི་ལག་མཐིལ་གྱི་རི་མོ་ལྟར་གསལ་པོར་མཐོང་ཐུབ། ཁྱད་པར་དུ་རི་དེའི་རྩེ་མོ་གཉིས་ནི་རྟ་ཡི་རྣ་ཅོག་དང་ཨ་ན་མ་ན་རེད་འདུག་པས། རང་བྱུང་ཁམས་ཀྱིས་མིའི་རིགས་ལ་གནང་བའི་སྦྱིན་པ་དང་། བོད་མི་རྣམས་ཀྱིས་གནང་སྦྱིན་གྱི་དྲིན་ཤེས་པ་ནི་ཇི་འདྲའི་གནམ་ས་དབྱེར་མེད་དང་། བདག་གཞན་དབྱེར་མེད་ཀྱི་ལྟ་དགོངས་རླབས་ཆེན་ཞིག་རེད་ཨང་སྙམ། ལམ་བར་དུ་དྲི་བསུང་ཞིམ་པོའི་ཤུག་པ་དང་མེ་ཏོག  སྔོ་དྲི་ཡག་མོའི་རྩྭ་དང་རྩི་ཤིང་། སྐད་ངག་སྙན་པོའི་བྱེའུ་སྣ་ཚོགས་ཀྱིས་ལམ་ཐག་རིང་པོའི་ངལ་དུབ་བསལ་བས། འདོམ་པ་ལྔ་བརྒྱ་ལ་རྒྱང་གྲགས་གཅིག  རྒྱང་གྲགས་བཞི་ལ་དཔག་ཚད་གཅིག་ཅེས་བོད་ཀྱི་གནའ་སྔོན་མའི་རྩི་སྲོལ་ལྟར་ན། དཔག་ཚད་དུ་མའི་ས་ལ་ཡོད་པའི་དབེན་གནས་འདི་ལྟ་བུ་ནི། ཐོས་པས་རང་རྒྱུད་གྲོལ་ཞིང་བསམ་པས་འཆིང་བ་ལས་གྲོལ་བའི་གནས་མཆོག་ཅིག་རེད།

གླིང་གི་རྗེས་ཤུལ་བཙལ་བ་ལས། ༧ རྟ་རྣ་དགོན་དང་གླིང་གི་གདུང་རྟེན།
གླིང་གི་རྗེས་ཤུལ་བཙལ་བ་ལས། ༧ རྟ་རྣ་དགོན་དང་གླིང་གི་གདུང་རྟེན།
གླིང་གི་རྗེས་ཤུལ་བཙལ་བ་ལས། ༧ རྟ་རྣ་དགོན་དང་གླིང་གི་གདུང་རྟེན།
གླིང་གི་རྗེས་ཤུལ་བཙལ་བ་ལས། ༧ རྟ་རྣ་དགོན་དང་གླིང་གི་གདུང་རྟེན།

གླིང་གི་རྗེས་ཤུལ་བཙལ་བ་ལས། ༧ རྟ་རྣ་དགོན་དང་གླིང་གི་གདུང་རྟེན།

གླིང་གི་རྗེས་ཤུལ་བཙལ་བ་ལས། ༧ རྟ་རྣ་དགོན་དང་གླིང་གི་གདུང་རྟེན།

     གདུང་རྟེན་ཡོད་སའི་རྫ་རིའི་ཞབས་ལ་སླེབས་དུས། རི་དྭགས་དགོ་བ་བརྒྱད་དགུ་ཙམ་གྱིས་རྩྭ་ཟ་བཞིན་ཡོད་པ་དང་ཕྲད། མི་འོང་བཞིན་ཡོད་པ་གོ་ཡང་འཇིགས་སྐྲག་དེ་ཙམ་མེད་པར་ག་ལེར་རི་གདོང་གི་རྒྱབ་ལ་བུད་སོང་། ནོར་བུ་གདོང་ཅན་དང་འདྲ་བའི་རྫ་རི་དེ་ལ་ཁ་གཏད་ནས་འགྲོ་དུས། གཡའ་རྡོའི་བར་ལས་སྐྱེས་པའི་གངས་ལྷའི་མེ་ཏོག་མང་པོ་འདུག  རྡོ་ཕ་བོང་ཞིག་གི་ཐོག་ལ་མ་ཎི་འབྲུ་དྲུག་བརྐོས་པ་ཞིག་ཀྱང་མཇལ་བྱུང་། རྡོ་བྱེ་ནང་ལ་ཡར་གོམ་པ་གང་སྤོས་རྗེས་མར་ཕྱེད་ཀ་བཞུར་ཡང་། འབད་པ་ཆེན་པོས་འཛེགས་རྗེས་སྐུ་གདུང་མཆོད་རྟེན་ཡོད་སའི་རྫ་ཕུག་གི་འགྲམ་ལ་སླེབས་སོང་། རྫ་ཕུག་དེའི་ཕྱི་ལ་ལྕགས་དྲས་བསྐོར་བས་ནང་ལ་མ་ཐར་ཡང་། དྲ་མིག་ནས་བལྟས་ན་མཆོད་རྟེན་དགུ་ཙམ་གསལ་པོར་མཐོང་བྱུང་། 

   སྐུ་གདུང་མཆོད་རྟེན་དེ་དག་ནི་རྡོ་དང་འདམ་བག་ལས་བརྩིགས་ཡོད་པ་ཞིག་རེད། ཞིབ་འཇུག་པ་ཚོས་ཚན་རིག་ལ་བརྟེན་ནས་ཞིབ་འཇུག་བྱས་པ་ལྟར་ན། མཆོད་རྟེན་དེ་དག་དང་འབྲེལ་ཡོད་ཀྱི་རྟེན་རྫས་རྣམས་ནི་སྤྱི་ལོ༡༡༡༥ལོའི་ཡས་མས་སུ་བཞེངས་ལ། བོད་སིལ་བུའི་དུས་ཀྱི་བཟོ་བཀོད་ཀྱི་ཁྱད་ཆོས་ལྡན་པར་བཤད།

གླིང་གི་རྗེས་ཤུལ་བཙལ་བ་ལས། ༧ རྟ་རྣ་དགོན་དང་གླིང་གི་གདུང་རྟེན།
གླིང་གི་རྗེས་ཤུལ་བཙལ་བ་ལས། ༧ རྟ་རྣ་དགོན་དང་གླིང་གི་གདུང་རྟེན།

   ནོར་བུ་འདྲ་བའི་རྫ་རིའི་ཞབས་ལ་ཡོད་པའི་སྐུ་གདོང་མཆོད་རྟེན་དེ་དག་མཇལ་ཚར་རྗེས། རི་གདོང་ཞིག་དེད་ནས་ཐད་ཀར་ཐུར་དུ་བབ་སྟེ་རི་སྐེད་ཙམ་ལ་སླེབས་དུས། གློ་བུར་དུ་དཔའ་ཐུལ་སུམ་ཆུའི་སྐུ་གདུང་མཆོད་རྟེན་དེ་ཙམ་གྱིས་མི་ཚད་པར། ད་དུང་གཞན་ཞིག་ནའང་ཡོད་ངེས་རེད་དྲན་མོད། ཡར་གྱེན་ལ་ཆུ་ཚོད་གཉིས་ཙམ་འགྲོ་དགོས་པའི་ལམ་ཐག་དེའི་ཕྱེད་ཀ་ཙམ་ལ་མར་བབ་ཟིན་པས། སླར་ཡང་ཡར་འཛེགས་ཏེ་མཇལ་དུ་འགྲོ་ཁོམ་མ་བྱུང་། རྗེས་སུ་གོ་བ་ལྟར་ན་མཇལ་ཟིན་པ་དེ་རྣམས་མ་ཚད་པར།གཞན་པ་ཞིག་ནའང་ད་དུང་སྐུ་གདུང་མཆོད་རྟེན་ཡོད་པ་ཤེས་པས་ཅུང་འགྱོད་པ་སྐྱེས་ཀྱང་། དེ་ནི་གླིང་སྒྲུང་ནང་གི་དཔའ་ཐུལ་རྣམས་ཀྱི་འཁྲུངས་ས་དང་མཛད་འཕྲིན་རྣམས་ལ། ད་དུང་ཆ་རྒྱུས་མེད་པས་མཇལ་སྐལ་གྱི་རྒྱུ་དང་རྐྱེན་མ་ཚང་བ་ཡིན་རྒྱུ་རེད་བསམས་ཏེ། མུ་མཐུད་ནས་རང་ཡུལ་བསྐོར་ཏེ་ལོ་རྒྱུས་རིག་གནས་ཀྱི་རྗེས་ཤུལ་འཚོལ་རྒྱུར་དམ་བཅའ་བཞག་ཡོད།

  • ལེ་ཚན་སྔོན་མ།:གླིང་གི་རྗེས་ཤུལ་བཙལ་བ་ལས།༦ འབྲུ་སྒ་སྡེ་ཆོས་སྐྱོང་བེར་ནག་གི་མཁར།
  • ལེ་ཚན་རྗེས་མ།:གླིང་གི་རྗེས་ཤུལ་བཙལ་བ་ལས། ༨ གདོང་ཚང་གསུང་རབ་རྟེན་མཛོད་ཁང་།
  • དོ་སྣང་ཆེ་བའི་རྩོམ།