ལྷ་མོར་ཞུ་བའི་འཕྲིན་པ།

ཁམས་སྨྱུག་གསར།        2021-01-22

ཀ་དག་ནམ་མཁའ་ཡི་ངང་ལས་གཡོ་བ་མེད་ཀྱང་། །

ཁ་སྦྱོར་ཟུང་འཇུག་གི་གར་ལ་ཅི་དགར་རྩེན་པའི། །

ག་བུར་དབང་པོ་ཡི་མདངས་འཆང་དབྱངས་ཀྱི་ལྷ་མོས། །

ང་ལ་ལྷུན་གྲུབ་ཀྱི་རོལ་དབྱངས་ད་ལྟར་སྩོལ་ཅིག །

ཅ་དག་སྒེག་ཉམས་ཀྱི་ལང་ཚོ་འོད་དུ་འཚེར་བའི། །

ཆ་ལུགས་མཚན་དཔེ་ཡི་ལོངས་སྤྱོད་རྫོགས་པར་སྤྲས་ཏེ། །

ཇ་ཐུན་ཙམ་ལ་ཡང་ཐུགས་རྗེས་ཡོལ་བ་མེད་པར། །

ཉ་གང་བརྩེ་ཆེན་གྱི་ཞལ་རས་ད་ལྟར་སྟོན་རོགས། །

ཏ་ཐཱ་ག་ཏ་ཡི་གསུང་གི་འཕྲིན་ལས་བྱེད་པོ། །

ཐ་མལ་སྲིད་གསུམ་གྱི་སྐྱོན་གྱིས་གཡོ་བ་མེད་ཀྱང་། །

ད་ལྟའི་སྣང་ཞེན་གྱི་གཙང་བོའི་མཐའ་ལས་སྒྲོལ་ཕྱིར། །

ན་ཆུང་ཐབས་མཁས་ཀྱི་སྤྱོད་པ་སྲིད་འདིར་མཛད་རོགས། །

པ་ཊུ་བློ་ལྡན་གྱི་མགྲིན་པའི་འཁོར་ལོར་རོལ་པའི། །

ཕ་མེད་མ་མེད་ཀྱི་རང་བྱུང་དབྱིངས་ཀྱི་ཌཱ་ཀིས། །

བ་གླང་བླུན་རྨོངས་ཀྱི་སྲིན་པོའི་རྒྱ་རུ་འཚུད་པའི། །

མ་རྒན་འགྲོ་དྲུག་གི་སྐྱིད་སྡུག་སྤྱན་གྱིས་གཟིགས་སམ། །

ཙ་ཙིག་ཀུན་རྫོབ་ཀྱི་རོལ་རྩེད་སྣང་བར་ཤེས་ཤིང་། །

ཚ་གྲང་དཀའ་སྤྱོད་ཀྱི་བརྟུལ་ཞུགས་ཁུར་དུ་བཞེས་ཏེ། །

ཛ་ཡའི་ཏིང་འཛིན་ལ་རོལ་བའི་ནགས་ཀྱི་དྲང་སྲོང་། །

ཝ་ལེར་འགགས་མེད་ཀྱི་ལྷ་མོ་ཁྱེད་ལ་འཁྲེང་འདུག །

ཞ་ལོང་འོན་ལྐུགས་དང་འདྲ་བའི་སྒྱུ་མའི་བུ་ལ། །

ཟ་ཟིའི་པི་ཝང་གི་རྒྱུད་སྐུད་སྙན་པོར་འཁྲོལ་བཞིན། །

འ་འུར་རེ་དོགས་ཀྱི་སྣང་བ་ཞི་བར་མཛོད་དང་། །

ཡ་ཐོད་པད་འདབ་ཀྱི་གདན་ལ་ཁྱེད་ཉིད་བསྙེན་ནོ། །

ར་རོ་ལས་ཉོན་གྱིས་འདེད་པའི་ཉམ་ཐག་ཁོ་བོས། །

ལ་ལུང་རི་ཆུ་ཡི་རྒྱ་མཚོ་གྲངས་མེད་བརྒལ་ཏེ། །

ཤ་ཁྲག་ལྤགས་པ་དེ་སྐམ་ཡང་ཁྱེད་ཉིད་བཙལ་ན། །

ས་གསུམ་སྐྱེ་འགྲོ་ཡི་བུ་ལ་ལན་

གཅིག་གཟིགས་རོགས། །

ཧ་ལམ་འཁོར་འདས་ཀྱི་ལྗོངས་ན་འགྲན་ཟླ་བྲལ་བའི། །

ཨ་འཐས་སྒྲིབ་བྲལ་གྱི་ལྷ་མོ་ཁྱེད་ཉིད་བརྟེན་ན། །

ཧ་ཅང་བརྩེ་ཆེན་གྱིས་སྒུལ་བའི་ཕྱག་རྒྱ་དེ་ཡིས། །

ཨ་དོན་སྐྱེ་མེད་ཀྱི་ངོ་བོ་བདག་ལ་སྟོན་ཤོག །

གཟུང་འཛིན་གཉིས་སྣང་གི་གྲིབ་རིས་རྟག་པར་འདེད་པའི། །

ཚོགས་དྲུག་བུ་ཆུང་གི་འཁྲུལ་བའི་གྲོང་ཁྱེར་དེ་ན། །

རིག་པའི་ཨ་མ་དེ་བོར་བའི་ཨ་འཐས་བུ་ལ། །

གཞི་མེད་སྣང་སྟོང་གི་ཕ་ཆོས་ལྷ་མོས་སྟོན་མཛོད། །

རྟེན་འབྱུང་ཉི་ཟླ་ཡི་རོལ་རྩེད་འགགས་པ་མེད་པའི། །

ལས་ཉོན་ཞགས་རིང་གིས་སྦྲེལ་བའི་དུར་ཁྲོད་དེ་ལས། །

ཐ་མལ་སྤྲོས་འཛིན་གྱི་ཞེན་པ་ཕངས་མེད་དོར་ཚེ། །

སྒྱུ་མའི་བུ་ཆུང་ལ་ལྷ་མོས་རམ་འདེགས་མཛོད་ཅིག །

  • ལེ་ཚན་སྔོན་མ།:མི་འཐོར་བའི་མེ་ཏོག
  • ལེ་ཚན་རྗེས་མ།:དད་འདུན་གྱིས་ཕུལ་བའི་མཆོད་སྤྲིན་དཀར་པོ།