ལམ་དུ་ཡོད།

ཁ་པདྨ་ལྷ་མཛེས།        2021-01-22

     ཞོགས་པ་ནས་ས་སྲོད་བར་དང་། མཚན་མོ་ནས་སྐྱ་རེངས་བར། དཔྱིད་ཀའི་ཉི་འོད་ནས་དགུན་ཁའི་ཁ་བའི་བར། ངས་གངས་རི་དང་རྩྭ་ཐང་ཡོད་སའི་ཕ་ཡུལ་དྲན་གྱིན་ཡོད། མདུན་གྱི་ལམ་ཡ། ཕ་ཡུལ་དུ་བགྲོད་པའི་ལམ་གྱི་སྣེ་མོར། ཡུན་རིང་གི་དྲན་གདུང་སྦྲེལ་མཐུད་བྱས་ཡོད་དམ།

     ཟླ་བ་དྭངས་ཤིང་གསལ་བའི་སྐབས་སུ། ས་མཐར་ཡོད་པའི་འཁྱམ་པོས་ཕ་ཡུལ་དྲན་པའི་སྐབས་སུ། ངས་ཀྱང་རྟག་པར་དགའ་བའི་འཛུམ་མདངས་སྟོན་གྱིན། གནམ་གཤིས་ཀྱི་འགྱུར་ལྡོག་དང་། རྐང་འོག་གི་འདམ་རྫབ། ཉིན་མོ་དང་མཚན་མོ་སོགས་ལ་དོ་སྣང་གཏན་ནས་མི་བྱེད་པར། ཆ་རྒྱུས་ཡོད་པའི་ལམ་ནས་འགྲོ་བཞིན་པ་རྨིས་ཡོང་།

    དྲན་པའི་ཡོལ་རས་ཕྱེས་ན། ཆུང་དུས་ཨ་ཕས་བཤད་པའི་གཏམ་རྒྱུད་ནི་ཧ་ཅང་ཡིད་གར་འོང་། ཁོང་གིས་ང་ཚོ་ནི་ཕ་སྤྲེའུ་བྱང་ཆུབ་སེམས་དཔའ་དང་མ་རྗེ་བཙུན་སྒྲོལ་མའི་བྱིན་རླབས་ཀྱིས་རི་དྭགས་ཀྱི་གཟུགས་བརྙན་ཤར་བའི་བྲག་སྲིན་མོའི་རྒྱུད་པ་ཡིན་ཟེར། ཕ་ཡུལ་ནི་རུས་དྲུག་སྒ་ལས་མཆེད་པའི་ཆོལ་གསུམ་ནང་གི་མདོ་སྟོད་དང་། ཆུ་བཞི་ནང་གི་འབྲི་ཆུ། སྒང་དྲུག་ནང་གི་འབྲི་རྫ་ཟལ་མོ་སྒང་ལ་ཆགས་པའི་ཕ་ས་ཡིན་ཟེར།

     ད་རུང་། ནང་ཆེན་རྒྱལ་པོ། སྒ་ཨ་ཉེ་དམ་པ། ཆོས་རྒྱམ་དྲུང་པ་རྒྱ་མཚོ་གཙོས་བྱས་མཛད་རྗེས་ཀྱི་གཡུང་དྲུང་འཁོད་སའི་ཕ་ས་ཡིན་ཟེར། ཕ་ཡུལ་ནི་ཕ་ཡུལ་ཙམ་དུ་མ་ཟད། དེ་ནི་རིག་གནས་དང་འདུ་ཤེས། བསམ་བློ་དང་བག་ཆགས། སྲོལ་རྒྱུན་དང་ལོ་རྒྱུས་སོགས་སིམ་པའི་རིགས་རྒྱུད་ཅིག་གི་ལྟེ་ཁྲག་འཕོས་ས་དང་རྩ་ལག་རྒྱས་ས་ཡིན་ཟེར།

     དེའི་རྐྱེན། ཨ་ཕས་ཨ་མེས་ཡང་མེས་ཀྱི་དཔའ་མཛངས་དང་རྟུལ་ཕོད། བློ་གྲོས་དང་སྙིང་སྟོབས། སེམས་གཏིང་གི་འཁྲེང་བ་དང་། གནས་བབ་གི་འཇིག་ཉེན་སོགས་དྲན་གྱིན་ང་ལ་ཕ་ཡུལ་དུ་ལོག་དགོས་པའི་ཞལ་ཏ་གནང་གིན་ཡོད། ཕ་ཡུལ་ནི་ཨ་ཕའི་སེམས་ནང་གི་ཚེར་མ་ཞིག་དང་འདྲ་བར། དྲན་གྱིན་ན་གྱིན། ཇི་ཙམ་ན་ན་དེ་ཙམ་གྱིས་ཕ་ཡུལ་དྲན་གྱིན་ཡོད་པ་འདྲ།

     ད་ལྟ། ང་རང་སྐྱ་མོ་ལམ་གྱི་ཟུར་ཞིག་ཏུ་ལངས་ཀྱིན། མི་ཚེའི་གོམ་པ་དང་པོ་འཇོག་སར་བལྟས་ཚེ། སྙིང་སྟོབས་དང་བག་འཁུམས། དགའ་བ་དང་སྐྱོ་བ། ཕམ་ཁ་དང་རྒྱལ་ཁ་འདྲེས་མས་ལམ་ཐག་མང་པོ་བརྒྱུད་སོང་བ་མཐོང་ལ། ཐོག་མའི་སྨོན་འདུན་གྱི་ངོས་སུའང་དེང་རབས་དང་གྲོང་ཁྱེར། སྤྱི་ཚོགས་དང་འགྱུར་ལྡོག་གི་ནག་ནོག་འགོས་པས་ཡུལ་དུ་ལོག་པའི་ལམ་ནི་ཇེ་མོག་ནས་ཇེ་མོག་ཏུ་སོང་ཞིང་། ཕ་ཡུལ་དེའང་རབ་རིབ་ཀྱི་ཡུལ་དངོས་ཤིག་ལ་འགྱུར་བར་སྣང་ཡོང་། ད་ནི་ཨ་ཕ་དྲན་ན། ཕ་ཡུལ་དུ་ལོག་རན་སོང་ཨ།

ཕ་ཡུལ་དུ་ལོག་པའི་ལམ་དེ་ནི་རི་བོ་ཆེན་པོ་དེའི་ཟབ་སར་ལྡིང་སྐོར་རྒྱག་གིན་ཡོད་ཅིང་། རི་ལམ་ཀྱག་ཀྱོག་བཅོ་བརྒྱད་ཡོད་པའི་སྣེ་མོ་རུ། རྐང་པར་འདམ་རྫབ་ཀྱིས་ཁེངས་པའི་དཀའ་ཚེགས་ཀྱི་སྣེ་མོ་རུ། རེ་སྒུག་ཅིག་ཡོད་པ་ནི་ཕྲུ་གུ་ལོག་པར་སྒུག་པའི་ཨ་ཕ་ཡིན་ལ། སོ་སོར་ལོ་གྲངས་གནས་པའི་རི་གྲོང་གི་དྲན་གདུང་ཡིན། ཞོ་དང་འོ་མ། གངས་རི་དང་རྩྭ་ཐང་། སྦྲ་ནག་དང་ཁྱི་གུར་གཏད་པའི་ཞེན་པ་ཡིན་ཞིང་། མ་ཎིའི་དབྱངས་དང་ཀ་ཁའི་གདངས། ཁུ་བྱུག་གི་སྒྲ་དང་ལུ་གུའི་འབའ་སྐད་ལ་སྨིན་པའི་རྩིས་འདང་དང་། ཨ་མེས་ཡང་མེས་དྲན་པའི་སེམས་གཏིང་གི་རྣམ་ཤེས་ཡིན།

      དེ་རིང་། ང་རང་ཕ་ཡུལ་དུ་ལོག་པའི་ལམ་དུ་ཡོད། ལམ་འདི་ནི་གངས་རིའི་འདབ་མས་ཁོར་མོ་ཡུག་ཏུ་འཁྲིགས་པའི་རྐང་ལམ་ཕྲ་མོ་ཡིན། འདི་ནས་ཨ་ཕའི་སྙིང་གི་འཕར་ལྡིང་ཐོས་ཐུབ་ལ། ཁྲུང་ཁྲུང་ནམ་མཁར་འཕུར་བའི་སྐྱེན་འགྱུར་ཡང་མཐོང་ཐུབ། འོ། ཤེས་སོང་། ལམ་འདི་ནི་རིགས་རྒྱུད་གཙང་མ་དེད་ས་དང་། ཕ་ཡུལ་ནི་མི་རིགས་ཤིག་གི་རྣམ་ཤེས་འཁོར་ས་ཡིན་པ་ཤེས་སོང་། ལམ་མཚམས་འདི་བརྒལ་རྗེས། ང་རང་ཕ་ཡུལ་དུ་བསླེབ་པའི་བཀྲ་ཤིས་སྨོན་འདུན་ཞུའོ།།

  • ལེ་ཚན་སྔོན་མ།:མི་གཞན་ལ་བསམ་ཤེས་བྱ་དགོས།
  • ལེ་ཚན་རྗེས་མ།:འགྲུལ་བཞུད།