མི་འཐོར་བའི་མེ་ཏོག

སྨོན་དུང་ཁྲག        2021-01-22

གཅིག

ལོ་ཟླའི་གས་སྲུབས་ཀྱི་རླུང་བུ།

གཟུགས་མེད་ཀྱི་ལག་པ་རྩུབ་པོ།

དལ་བུར་ཁྱེད་ཀྱི་དབུ་སྐྲར་འཐམས།

ག་ལེར་ཁྱེད་ཀྱི་ངོ་གདོང་ལ་འཁྱིལ།

ལང་ཚོའི་དར་ཆ་ནི།

རྨི་ལམ་གྱི་ཕང་བ་ནས་འགྱེལ།

ཁྱེད་ཀྱིས་རང་ཉིད་རྒས་འདུག་ཅེས་གླེང་གིན་འདུག

སྐྱི་པགས་སྲབ་མོ་ཞིག་གིས་གཡོགས་པའི་རུས་པ་དེས།

དམ་ཆོས་རྒུམ་པའི་ཕྲེང་བ་འདེགས་ཀྱིན།

འཇིག་རྟེན་གྱི་འགྲུལ་བཞུད་རྫོགས་ལ་

ཉེ་ཞེས་ཁེར་ལབ་བྱེད།

གཉིས།

ང་ཡི་ཨ་ཕྱི།

འཁོར་བའི་རྒྱ་མཚོ་ནས།

ཆགས་སྡང་གི་བྱ་སྤྱོད་དང་བསམ་བློ་

གང་མང་གིས་གཙེས་པ་བདེན།

མི་ཚེའི་ལམ་ཁ་ནས།

དགའ་སྐྱོ་ནི་དབྱར་དགུན་ལྟར།

ཁྱེད་ཀྱི་རྨ་ཁས་གང་བའི་ལུས་སེམས་

སུ་ཚེས་པ་རྟོགས་མོད།

འོན་ཀྱང་།

ཁྱེད་རང་ནམ་ཡང་རྒུད་མེད།

ཁྱེད་ཀྱིས་ཕུབས་པའི་བརྩེ་བའི་འཇའ་གུར་

དེས་ཁྱེད་རང་རྒུད་མེད་ཟེར།

ཁྱེད་རང་བརྒྱུད་མྱོང་བའི་ལམ་ཁ་ཀྱག་ཀྱོག་

དེས་ཁྱེད་རང་ཕམ་མེད་ཟེར།

གསུམ།

མི་ལོ་དྲུག་ཅུའི་སྒོ་ཐེམ་བརྒལ་ཟིན་པའི་ཁྱེད་ལ།

ཚོར་སྣང་གི་ཟིལ་བས་བརླན་པའི་ཁྱེད་ལ།

ནང་སེམས་ཀྱི་སྒོ་མོ་གཞན་ཞིག་ལ་ཕྱོགས་པའི་ཁྱེད་ལ།

ལོ་ཟླས་གུ་ཡངས་མི་གཏོང་བའི་ཕར་ནང་ན།

བརྩེ་བ་ཞིག་གི་བཟོད་སྒོམ་དང་སྲུང་སྐྱོབ་ཡོད།

རྨི་ལམ་གྱིས་ཕྱིར་ལྟ་མི་བྱེད་པའི་སྔ་རོལ་དུ།

རྒྱལ་ཁ་ཞིག་གི་དཔའ་གདེང་དང་ཡིད་ཆེས་ཡོད།

བཞི།

ངས་ཁྱེད་ཉིད་ནམ་ཡང་རྙིད་པ་མེད་

པའི་མེ་ཏོག་ཅིག་གི་དཔེར་བྱས།

འཛུམ་གྱིས་ཉི་འོད་འཇོམས་པའི་པདྨ་

ཞིག་གི་དཔེར་བྱས།

བརྩེ་བའི་སྦྲང་རྩིས་གང་བའི་མེ་ཏོག་

ཅིག་གི་དཔེར་བྱས།

ད་དུང་ཁྱེད་ཉིད་མེ་ཏོག་མང་པོ་ཞིག་ལ་དཔེ་བཞག

ངའི་སེམས་པའི་སྤང་ཐང་དུ།

ནམ་ཡང་འཐོར་མ་མྱོང་ལ་འཐོར་ཡང་

མི་སྲིད་པའི་མེ་ཏོག་དེ།

ཁྱེད་དང་ཁྱེད་ཀྱི་བརྩེ་བ་ཁོ་ན་ཡིན།

ལྔ།

དྲོད་ལམ་ལམ་དུ་འཛུམ་པའི་མེ་ཏོག

གྲང་ཤུར་ཤུར་དུ་འཛུམ་པའི་མེ་ཏོག

མགོ་ལྡེམ་ལྡེམ་དུ་འཛུམ་པའི་མེ་ཏོག

དུས་ཚིགས་བཞི་རུ་འཛུམ་ཡོད།

ཉིན་མཚན་དུས་དྲུག་དུ་འཛུམ་ཡོད།

ངའི་མིག་མ་བཙུམ་བར་དུ་འཛུམ་ཡོད།

ངའི་རྣམ་ཤེས་མ་བོར་བར་དུ་འཛུམ་ཡོད།

ངའི་སྲིད་པ་མ་འཇིག་བར་དུ་འཛུམ་ཡོད།

ངའི་དོན་ལྔ་སྣོད་དྲུག་དུ་འཛུམ་ཞིང་།

ངའི་ཚེ་རབས་ཀུན་ཏུ་བཞད་པའི།

མི་འཐོར་བའི་མེ་ཏོག་ལགས།

ང་ཡི་ཨ་ཕྱི་དམ་པ། ཤེས་རབ་འཚོ།

  • ལེ་ཚན་སྔོན་མ།:དྲན་པ་ཞིག་གི་ཡ་སྙིང་སློག་ན།
  • ལེ་ཚན་རྗེས་མ།:ལྷ་མོར་ཞུ་བའི་འཕྲིན་པ།