གྲོང་ཁྱེར་གྱི་ཁང་མིག

དོན་ཉི།        2021-01-20

     མི་རྣམས་ནི་ལྷིང་འཇགས་ལ་དགའ་ཞིང་། འཇིག་རྟེན་དུ་ལྷིང་འཇགས་ཀྱི་སླད་དུ་འཚོས་ཡོད་ན། རྟག་པར་གྲོང་ཁྱེར་ལ་འདུག་པ་དགའ་ཞིང་ཁྲོམ་གསེང་དུ་འགྲོ་བར་དུང་བ་ནི། བསམ་སྦྱོར་ཡ་བྲལ་གྱི་ངང་ཚུལ་མིན་ནམ།

      གྲོང་ཁྱེར་ནི་མི་ཚོགས་ཀྱིས་འདུས་པའི་ཕུང་བོ་ཞིག དེ་ལ་ཟ་ཁང་དང་ཆང་ཁང་། བྲོ་ཁང་དང་གླུ་ཁང་། མདོར་ན་མི་ཚོགས་ཀྱི་དགོས་མཁོ་བསྐོང་ཆེད་ཁང་བ་སྣ་རིང་བ་ཞིག མི་ནི་གླུ་བ་དང་གླ་པ། ཟ་པ་དང་ཆང་པ་སོགས་སྣ་ཚོགས་ཀྱིས་བསྐོར་ཞིང་རང་རང་གི་ལམ་བུར་ཆས། ཡོད་ཚད་ཀྱིས་གཉེར་དོན་ནི་བདེ་སྐྱིད། ཡིན་ནའང་། གྲོང་ཁྱེར་གྱི་ཁང་མིག་རེ་རེ་ན། འབྲིད་པའི་འཛུམ་མདངས་རེ་རེ་བསྐྱིལ། དེ་ཡི་ཟུར་ན་བཤད་ཡམས་འདྲ་མིན་གྱིས་ལག་ཟུང་གཡུགས། བདག་ལ་ཕོག་ཚེ་འབྲལ་མི་ཐུབ་པའི་ལྕགས་ཁབ་ལེན་བཞིན།

     མང་པོ་ཞིག་གིས་ནོམ་པས་བདེ་བ་སྒྲུབ་བཞིན་ཡོད་ལ། ནོམ་པ་ཅུང་ཡོད་ཚེ་ཁྲོམ་གསེང་དུ་བདེ་སྐྱིད་སྙེག་ཏུ་འགྲོ་བ་ནི་གོམས་སྲོལ་ཞིག་ཏུ་གྱུར་ཟིན། གྲོང་ཁྱེར་དུ་སོང་བ་ནི་རླུང་འཚུབ་ཀྱི་གསེབ་ནས་ལྷིང་འཇགས་ཉུལ་བ་འདྲ། མི་ནི་གྲོང་ཁྱེར་གྱི་སྒོ་དང་གློ་རྡེབ་ཏུ་འགོག་ཚེ། དེ་ནི་རེ་བའི་པད་མ་བཏབ་པའི་འབྲས་བུ་སྨིན་དུས། གློ་བུར་དུ་ཟོ་བ་ཞིག་གིས་བཅད་པ་མིན་ནམ་སྙམ་སྲིད།

    མི་ནི་དབེན་གནས་ནས་གྲོང་ཁྱེར་དུ་ཉུལ་ལ། གྲོང་ཁྱེར་ནས་དབེན་གནས་སུ་ཉུལ། གྲོང་ཁྱེར་གྱི་ཁང་མིག་རེ་རེ་ན་དགའ་སྐྱོའི་མཚེར་སྐད་རྒྱག དེ་ཡིས་རྣམ་རྟོག་གི་སྤྲོས་པ་བསླངས་ཤིང་མིག་ཟུང་ན་སྔར་མེད་ཀྱི་མང་པོ་མང་པོ་ཞིག་བཞད་ཡོང་། དེ་ཡི་བྲིད་ཀྱིས་ཁྱོད་རངས་མཚན་གུང་དུའང་གཉིད་ཁུག་དཀའ་ཨང་།


  • ལེ་ཚན་སྔོན་མ།:ང་ད་ལྟ་ནུབ་བྱང་དུ་མེད།
  • ལེ་ཚན་རྗེས་མ།:མི་གཞན་ལ་བསམ་ཤེས་བྱ་དགོས།