དབུལ་ཐར་གྲོང་སྡེ་ཞིག་གི་ཡུལ་སྡེ་དར་རྒྱས་གཏོང་བའི་ལམ་བུ།

ཀུན་དགས་བསྒྱུར།        2021-01-20

ཞིང་ཆེན་འཐབ་ཕྱོགས་གཅིག་གྱུར་པུའུ་ཡིས་དར་མདོ་གྲོང་ཁྱེར་མགོ་བཏགས་སྨད་པ་གྲོང་སྡེར་རོགས་སྐྱོར་བྱས་པའི་གནས་ཚུལ་རགས་བཀོད།

དབུལ་ཐར་གྲོང་སྡེ་ཞིག་གི་ཡུལ་སྡེ་དར་རྒྱས་གཏོང་བའི་ལམ་བུ།

ཡུལ་སྐོར་བས་མི་ཉག་གནས་མཆོག་ལྗོངས་ཁུལ་གྱི་ས་བཀྲ་ལ་ལྟ་བཞིན་པའི་ཚུལ།


   སྤྲིན་དཀར་གྱི་འདབ་མ་ནུབ་ཁའི་ཉི་འོད་ཁྲོད་དུ་ལང་ལོང་གཡོ།། རྒྱང་རིང་གི་གངས་རིའི་ཕྲེང་བ་ནམ་མཁའི་དབྱིངས་སུ་ཀེར་རེ་ལངས།། ཀྲུང་གོའི་ཆེས་མཛེས་སྡུག་ལྡན་པའི་ཁྲོན་བོད་གཞུང་ལམ་ཞེས་བརྗོད་པའི་རྒྱལ་ལམ318ཀྱི་ཐོག་ནས་ནུབ་ཏུ་བསྐྱོད་སྐབས། དར་མདོའི་མཛའ་གཞས་གྲོང་ནས་ཐག་མི་རིང་བར་མཚོ་འཕགས་སྨི4298ལ་ཟིན་པའི“ཁམས་པའི་འགག་སྒོ་དང་པོ”ཤར་རྒྱུ་ལ་ཕྲ་མོའི་ཧ་ཉག་ཁར་སླེབས་ཤིང་། འདི་ནས་མར་འགྲོ་ན་དར་མདོ་གྲོང་ཁྱེར་འགག་པ་ཡུལ་ཤོག་མགོ་བཏགས་སྨད་པའི་ས་ཆ་ཡིན་པ་རེད།

   བརྗིད་ཆགས་ཉམས་དགའི་རང་བྱུང་གི་མཛེས་ལྗོངས་དང་དམིགས་བསལ་ཁྱད་ཆོས་ལྡན་པའི་མི་ཉག་རིག་གནས་སོགས་ཐོན་ཁུངས་ཕུན་སུམ་ཚོགས་པོ་མངའ་བར་བརྟེན། ཕྱོགས་བཞི་མཚམས་བརྒྱད་ཀྱི་ཡུལ་སྐོར་བའི་ཡིད་དབང་བཀུགས་ཤིང་ས་གནས་དེ་གའི་གྲོང་མི་དབུལ་ཐར་ཕྱུག་འགྱུར་ཡོང་བར་སྐུལ་ཁྲིད་བྱེད་བཞིན་ཡོད། 2020ལོར་གྲོང་སྡེའི་ཐུན་མོང་དཔལ་འབྱོར་གྱི་ཡོང་འབབ་སྒོར་ཁྲི190ལ་ཟིན་པ་དང་གྲོང་མི་མི་རེའི་ཆ་སྙོམས་ཡོང་འབབ་སྒོར22000ལས་བརྒལ་ཡོད། དུས་དེ་ནས་བཟུང་གྲོང་སྡེ་དེ་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་གྲོང་སྡེ་དང་། སི་ཁྲོན་ཞིང་ཆེན་གྱི་ཕུལ་བྱུང་གྲོང་སྡེ་བརྒྱ། སི་ཁྲོན་ཞིང་ཆེན་གྱི་ཡག་པོ་བཞིའི་གྲོང་སྡེ་བཅས་སུ་སྔ་རྗེས་སུ་བདམས་ཡོད།

     དེ་སྔའི་མགོ་བཏགས་སྨད་པ་གྲོང་སྡེ་ནི་དབུལ་ཕོངས་རྗེས་ལུས་ཀྱི་སྡེ་བ་ཞིག་ཡིན་ཞིང་། མགོ་བཏགས་སྨད་པ་ཞེས་མིང་ཐོགས་དོན་ནི་ས་ཆ་གཞན་ཞིག་ནས་གནས་སྤོས་བྱས་ཡོང་བའི་སྡེ་བ་ཞིག་ལ་གོ་བ་རེད། གྲོང་སྡེ་དེ་ཆ་སྙོམས་མཚོ་འཕགས་སྨི3800དང་སྤྱིའི་རྒྱ་ཁྱོན་སྤྱི་ལེ་ངོས་གྲུ136ཡོད་ལ། མི་འབོར830བཅས་ཡོད་པའི་འབྲོག་ལས་རྐྱང་པའི་སྡེ་བ་ཞིག་ཡིན་ཏེ་འབྲོག་པ་འཁོར་རྒྱུག་ཆེ་བ་དང་གནས་སྡོད་ཁ་ཐོར་ཡིན་ཞིང་། 2014ལོར་གྲོང་སྡེར་དུད་ཚང་དབུལ་པོ40ཡི་མི171ཡོད། མི་རེའི་ཆ་སྙོམས་ཡོང་འབབ་སྒོར1800ལས་མེད་པས་གྲོང་སྡེའི་ཐུན་མོང་དཔལ་འབྱོར་གྱི་ཡོང་འབབ་ནི་ཉིན་མོའི་སྐར་མ་ལྟར་ཡིན།

     གནས་སྤོས་ཡོང་བའི་སྡེ་བ་ཞིག་ཇི་ལྟར་བྱས་ནས་སྐད་གྲགས་ཆོད་པའི་འབྱོར་འབྲིང་གྲོང་སྡེ་ཞིག་ཏུ་གྱུར་པ་རེད་ཅེ་ན། དེ་ནི་གྲོང་སྡེ་དེའི་ཐོན་ཁུངས་ཀྱི་ལེགས་ཆ་སྔོག་འདོན་དང་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་བཏང་ནས་འབྲོག་ལས་དང་ཡུལ་སྐོར་ཟུང་དུ་འབྲེལ་བའི་ཐོན་ལས་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་བསྐྱོད་པ་ལ་རག་ལས་པ་རེད།

གྲོང་སྡེ་དང་ཁེ་ལས་མཉམ་འབྲེལ་བྱས་ནས་མི་ཉག་གནས་མཆོག་ལྗོངས་ཁུལ་བསྐྲུན།

     མགོ་བཏགས་སྨད་པ་གྲོང་སྡེའི་གྲོང་མི་རིག་ཚེ་ཡིས་འདས་སོང་ལོ་ལྔར་ཕྱིར་འདང་ཞིག་རྒྱག་དུས་རང་ཚང་མི་རབས་ནས་མི་རབས་བར་སྡོད་པའི་ཁྱིམ་གཞིས་དེ་ལྗོངས་ཁུལ་དུ་གྱུར་པ་དང་། རང་ཉིད་ཀྱང་སྤྱི་གཉེར་ཁང་གི་རྐང་མིར་གྱུར་པ་ནི་སེམས་ལའང་འཁོར་མ་མྱོང་། དེ་སྔར་ངའི་ཁྱིམ་ནི་གྲོང་སྡེའི་ནང་གི་ཆེས་དབུལ་ཤོས་ཀྱི་དུད་ཚང་ཞིག་ཡིན་ཡང་། ལྗོངས་ཁུལ་བསྐྲུན་རྗེས་གནམ་ས་བླ་འོག་བསྒྱུར་བའི་འགྱུར་ལྡོག་བྱུང་ནས་ད་ཆ་ང་དང་ངེད་གྲོང་སྡེའི་མི་གཞན་དག་ཚང་མ་རྐང་འཛིན་པར་གྱུར་ཡོད། ངེད་ནང་མི་བདུན་ལ་ལོ་རེར་ཡོང་འབབ་སྒོར་ཁྲི1ལྷག་ཙམ་རག་བྱུང་ཞེས་བཤད།

    མགོ་བཏགས་སྨད་པ་གྲོང་སྡེ་དེ་དར་མདོའི་ཡུལ་སྐོར་ཐོན་ཁུངས་ཕུན་སུམ་ཚོགས་པའི་རྒྱུ་ལའི་ནུབ་རྒྱུད་དུ་གནས་པ་དང་རྒྱལ་ལམ318འཕྲེད་དུ་བཅད་དེ་དར་མདོ་གནམ་ཐང་གི་འགྲམ་དུ་གནས་ཤིང་། རང་བྱུང་མཛེས་ལྗོངས་དང་མི་ཉག་རིག་གནས། འབྲོག་པའི་ཐོན་ཁུངས། འགྲིམ་འགྲུལ་ས་ཚུགས་བཅས་གཅིག་ཏུ་འདུས་ཡོད་པས་ཡུལ་སྐོར་འཕེལ་རྒྱས་ཀྱི་མི་མངོན་པའི་སྟོབས་ཤུགས་ཧ་ཅང་ཆེན་པོ་ལྡན་ཡོད། 2015ལོར་མི་ཉག་ཚེ་རྡོ་ཡུལ་སྐོར་སྤྱི་གཉེར་ཁང་ནང་འདྲེན་བྱས་པ་དང་། སྤྱི་གཉེར་ཁང་གིས་མ་དངུལ་སྒོར་དུང་ཕྱུར2ལྷག་བཏང་ནས་མགོ་བཏགས་སྨད་པ་གྲོང་སྡེ་དེAབཞི་རིམ་པའི་ལྗོངས་ཁུལ་ཏེ་མི་ཉག་གནས་མཆོག་བསྐྲུན་ཡོད། གྲོང་སྡེ་དང་ཁེ་ལས་བར་ལ་ལྗོངས་ཁུལ་མཉམ་སྐྲུན་དང་འཕེལ་རྒྱས་གཉིས་ཕན། ཁེ་ཕན་མཉམ་སྤྱོད་བཅས་ཀྱི་ཁེ་ཕན་མཉམ་འབྲེལ་ལམ་སྲོལ་བཙུགས་ཡོད། གྲོང་སྡེའི་ཐུན་མོང་གིས་བེད་མེད་ས་ཆ་དང་རྩྭ་ཐང་སོགས་རང་བྱུང་ཐོན་ཁུངས་ལྗོངས་ཁུལ་དུ་མ་འཇོག་བྱས་ཤིང་། ཁེ་ལས་དང་གྲོས་མོལ་བྱས་ནས་ཡོང་འབབ་ཀྱི2:8ཀྱི་བསྡུར་ཚད་ལྟར་བགོ་འགྲེམས་བྱ་རྒྱུ་བྱས་པས་གྲོང་སྡེ་ཡོངས་ཀྱི་གྲོང་མིའི་མ་རྐང་འཇོག་མཁན་གྱི་ཐོབ་ཐང་གཏན་འཁེལ་བྱས་ཏེ་ལོ་ལྟར་ཡོང་འབབ་སྒོར་ཁྲི85རག་པའི་ཁག་ཐེག་བྱས་པ་རེད། ལྗོངས་ཁུལ་གྱིས་ད་དུང་ལོ་ལྟར་མ་དངུལ་སྒོར་ཁྲི30ལྷག་ཙམ་བཏང་ནས་གྲོང་སྡེ་ཡོངས་ཀྱི་གྲོང་མིའི་གྲོང་སྡེའི་གཞི་རྩའི་རྒན་གསོ་ཉེན་སྐྱོབ་དང་གྲོང་སྡེའི་མཉམ་ལས་སྨན་བཅོས་ཉེན་སྐྱོབ་གྲོན་དངུལ་ཉོས་ཏེ་གྲོང་མིའི་སེམས་ཁྲལ་མེད་པར་བྱས།

    ལྗོངས་ཁུལ་ཉེ་འགྲམ་རྒྱལ་མོ་བཙུན་སྤྲོ་གསེང་མགྲོན་ཁང་ནི་གྲོང་སྡེའི་ཐུན་མོང་གིས་བེད་སྤྱོད་བྱས་མེད་པའི་འབྲོག་པའི་གཞིས་ཆགས་ཁང་པ49ལས་ཁང་པ་རེར་སྒོར་ཁྲི5ཡི་རིན་གོང་ལྟར་ལྗོངས་ཁུལ་ལ་བོགས་གཏོང་བྱས་ནས་བསྐྲུན་པ་ཞིག་ཡིན་ལ། དེའི་ནང་གི་ཁང་པ་གཅིག་ནི་བཀྲ་ཤིས་ཀྱི་ཡིན་ཞིང་། བཀྲ་ཤིས་ཀྱིས་ངའི་ཁྱིམ་གྱི་ཁང་སྟོང་དེ་མི་ཉག་ཚེ་རྡོ་སྤྱི་གཉེར་ཁང་ལ་བོགས་མར་བཏང་བ་ཡིན། ཁོ་ཚོས་དངུལ་བཏང་ནས་མཛེས་བཟོ་གསར་སྤེལ་བྱས་ཤིང་ངས་ཁྱིམ་དུ་བསྡད་ནས་དངུལ་བླང་ན་ཆོག་པ་རེད་ཅེས་བཤད།

     སི་ཁྲོན་ཞིང་ཆེན་ཏང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་ནི་མགོ་བཏགས་སྨད་པ་གྲོང་སྡེའི་ཁ་གཏད་རོགས་སྐྱོར་བྱེད་མཁན་ཡིན་ཞིང་། ལོ་ལྟར་གྲོང་སྡེ་དེའི་ན་གཞོན་ངལ་རྩོལ་ནུས་ཤུགས་སྒྲིག་འཛུགས་བྱས་ཏེ་ཞིང་ཆེན་ཡུལ་སྐོར་སློབ་གླིང་དང་ཀྲུང་ཧྭ་ལས་རིགས་སློབ་གསོ་ཁང་སོགས་སུ་ཆེད་ལས་ཀྱི་སྤྱི་སྐད་དང་ཡུལ་སྐོར་ཞབས་ཞུའི་རྩལ་ནུས་གསོ་སྦྱོང་བྱེད་ཀྱི་ཡོད། ཁེ་ལས་ཀྱིས་ཀྱང་གྲོང་སྡེ་དེའི་གསོ་སྦྱོང་བྱས་མྱོང་བའི་གྲོང་མི་རྣམས་མགྲོན་ཁང་དང་། བདེ་སྲུང་། སྤྲོ་གསེང་རོལ་རྩེད་བཅས་ཞབས་ཞུའི་རང་བཞིན་གྱི་ལས་གནས་སུ་ལས་ཀ་བྱེད་པ་སྔོན་ལ་བཀོད་སྒྲིག་བྱས་ཡོད། ད་ཆ་གྲོང་སྡེ་དེའི་མི55ལྗོངས་ཁུལ་དུ་ལས་ཞུགས་བརྟན་པོ་བྱུང་ནས་ལོའི་གླ་ཕོགས་ཡོང་འབབ་སྒོར་ཁྲི3ལས་བརྒལ་གྱིན་ཡོད།

    བསྡོམས་རྩིས་རགས་ཙམ་བྱས་པར་གཞིགས་ན། ལྗོངས་ཁུལ་བསྐྲུན་རྗེས་གྲོང་སྡེ་ཡོངས་ཀྱི་གྲོང་མིར་ཡོང་འབབ་སྒོར་ཁྲི1600ལས་བརྒལ་ཡོད་ཅིང་། གྲོང་སྡེ་དང་ཁེ་ལས་ཕྱོགས་གཉིས་པོའི་བར་ལ་ཁེ་ཕན་མཉམ་མྱོང་དང་མཉམ་ལས་གཉིས་ཕན་གྱི་རྣམ་པ་ཞིག་ཆགས་ཡོད་པ་རེད།

གོ་སྐབས་དམ་འཛིན་བྱས་ནས318ལམ་རྒྱུད་ཀྱི་དཔལ་འབྱོར་འཕེལ་རྒྱས་གཏོང་།

    གྲོང་སྡེ་དེའི་ཀྲི་པུའི་ཧྲུའུ་ཅི་བྱང་ཆུབ་རྡོ་རྗེས་ཤར་རྒྱུ་ལ་ཕྲ་མོའི་ཧ་ཉག་ནི318པའི་ལམ་རྒྱུད་དེད་ནས་བོད་དུ་སྐྱོད་སྐབས་ངེས་པར་དུ་བརྒྱུད་དགོས་ངེས་ཀྱི་གནས་ཤིག་ཡིན་ཞིང་། འདི་ནའི་རང་བྱུང་མཛེས་ལྗོངས་ཀྱིས་ཡུལ་སྐོར་བའི་ཡིད་དབང་འཀུགས་ཐུབ་ཀྱིན་ཡོད་མོད། འོན་ཀྱང་དེ་སྔ་གསར་སྤེལ་བྱས་མ་མྱོང་པས་ཡུལ་སྐོར་བ་མང་ཆེ་བ་བྲེལ་འཚུབ་ངང་ནས་བརྒལ་བཞིན་ཡོད་པས་ཡུལ་སྐོར་བ་མང་པོ་ཞིག་ཤོར་འགྲོ་བ་དང་། ཡུལ་སྐོར་གྱི་ཕན་འབྲས་ཐོན་མི་ཐུབ་ལ་འཕེལ་རྒྱས་མངོན་འགྱུར་ཡང་བྱུང་མི་ཐུབ་པ་རེད་ཅེས་བཤད།

    2017ལོར་དར་མདོ་གྲོང་ཁྱེར་གྱི་ཆེས་མཛེས་སྡུག་ལྡན་པའི་མཛེས་ལྗོངས་ལམ་ཆེན་བསྐྲུན་རྒྱུ་དང“སྡེ་ལྔ་ཕྱོགས་བཞིའི”གྲོང་ཡུལ་རིམ་སྤོར་གྱི་གོ་སྐབས་བཟང་པོ་སྤྱད་དེ་ཤར་རྒྱུ་ལ་ཕྲ་མོའི་ལ་རྩེ་ཡུལ་སྐོར་མཛེས་ལྗོངས་ལྟ་སྟེགས་བསྐྲུན་ནས་ཁེ་ལས་ལ་གཉེར་སྐྱོང་དོ་དམ་གྱི་འགན་གཙང་སྤྲད་བྱས་པས་གྲོང་སྡེའི་ཐུན་མོང་ལ་ལོ་ལྟར་ཁེ་འབབ་ཁྲི40བགོ་རྒྱུ་ཡོད་པར་མ་ཟད། གྲོང་སྡེ་དེའི་ལས་ཞུགས་ལས་གནས10མཁོ་སྤྲོད་བྱས་ཡོད།

    བྱང་ཆུབ་རྡོ་རྗེས་མུ་མཐུད་ནས་རྒྱལ་ལམ318ཀྱི་འགྲམ་དུ་འགྲོ་འོང་བྱེད་མཁན་རླངས་འཁོར་ལ་ཆུ་བླུགས་པ་དེ་མགོ་བཏགས་སྨད་པ་གྲོང་སྡེའི་སྲོལ་རྒྱུན་གྱི་ཚོང་ལས་ཤིག་ཏུ་གྱུར་ཡོད། དུད་ཚང་དབུལ་པོ་ལྷ་མཚོ་ཚང་ལའང་རླངས་འཁོར་གྱི་ཆུ་བླུགས་ས་ཚུགས་ཤིག་ཡོད་དེ་མོས་སྒོ་འགྲམ་གྱི་ཆུ་བླངས་ཏེ་རླངས་འཁོར་ལ་ཆུ་ཐེངས་རེ་བླུགས་ན་སྒོར་ལྔ་རག་པ་རེད། ཉིན་གཅིག་ལ་སྒོར་སུམ་ཅུ་བཞི་བཅུ་ཙམ་མ་གཏོགས་རག་མི་ཐུབ། མགོ་བཏགས་སྨད་པ་གྲོང་ལ་རྒྱལ་ལམ318པའི་ལམ་རྒྱུད་དུ་ཆུ་བླུགས་ས་ཚུགས19ཡོད་ཀྱང་ལས་གཞི་སྣ་གཅིག་ལས་མེད་པས་ཡོང་འབབ་མཐོན་པོ་རག་གིན་མེད་ཅེས་བཤད།

     2017ལོར་མི་རིགས་མཐུན་སྒྲིལ་ཡར་ཐོན་ཁུལ་གསར་འཛུགས་བྱེད་པའི་གོ་སྐབས་དང་བསྟུན་ནས་ཞིང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་ཡིས་གསར་འཛུགས་ཆེད་སྤྱོད་མ་དངུལ་ཁྲི400རག་ཐབས་བྱས་ཤིང་། དེའི་ནང་གི་དངུལ་ཁག་གཅིག་ལམ་རྒྱུད་དུ་ཡོད་པའི་ཚད་དང་མི་མཐུན་པའི་ཆུ་བླུགས་ས་ཚུགས19རིམ་སྤོར་སྒྱུར་བཀོད་བྱེད་པའི་ཐད་སྤྱད་དེ། ཆུ་བླུགས་པ་དང་བཟའ་བཏུང་། ཅ་ལག་ཉོ་སྒྲུབ་སོགས་སྣ་མང་ཅན་དང་སྤུས་ཚད་མཐོ་བའི་ཞབས་ཞུ་མཁོ་འདོན་ཐུབ་པའི་ཕྱོགས་བསྡུས་ཞབས་ཞུའི་ས་ཚུགས14བསྐྲུན་པ་དང་། ཞབས་ཞུའི་ས་ཚུགས་རེར་ལོའི་ཆ་སྙོམས་ཡོང་འབབ་སྒོར་ཁྲི10ལྷག་ལ་ཟིན་ཡོད། ལྷ་མཚོས་ན་ནིང་ངའི་ཁྱིམ་གྱི་ཆུ་བླུགས་ས་ཚུགས་ཀྱི་ཡོང་འབབ་སྒོར་ཁྲི15རག་བྱུང་ཞེས་བཤད།

     ད་ཆ་མགོ་བཏགས་སྨད་པའི་ཁོངས་གཏོགས་རྒྱལ་ལམ318ཀྱི་ལམ་རྒྱུད་དུ་ཁྲོམ་རས་འདེགས་སྐྱོར་བྱེད་པ་དང་། ཁེ་ལས་ཀྱིས་སྣེ་འདྲེན་བྱེད་པ། ཁེར་གཉེར་དུད་ཚང་གིས་གཙོ་བོར་བྱེད་པ། ཡུལ་སྐོར་ལྟ་སྐོར་དང་། རླངས་འཁོར་ལ་ཆུ་བླུགས་པ། བཟའ་བཏུང་ཉོ་སྒྲུབ་བཅས་གཞི་གཅིག་ཅན་གྱི་ལམ་རྒྱུད་དཔལ་འབྱོར་ཁུལ་ཞིག་ཆགས་ཡོད་པ་རེད།

སྤུས་རིམ་སྤར་ནས་གངས་ལམ་ཐིས་ཟུར་ཆུ་ཚན་གསར་དུ་བསྐྲུན།

     ཞིང་ཆེན་ཏང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་ཡིས་གྲོང་སྡེ་དེར་མངགས་པའི་ཧྲུའུ་ཅི་དང་པོ་ཀྲང་ཀྲན་གྱིས་མགོ་བཏགས་སྨད་པ་གྲོང་སྡེའི་ཁོངས་གཏོགས་ས་ཆར་ལོ་ལྟར་ཏུའུ60ཙམ་ལ་ཟིན་པའི་མཐོངས་ཡངས་ཆུ་ཚན་ཞིག་ཡོད་ཅིང་། དེའི་ཆུའི་ཐོན་ཚད་དང་དྲོད་ཚད་བཟང་བས་ཡུལ་སྡེ་ནང་ཁུལ་དུ་སྐད་གྲགས་ཧ་ཅང་ཆེ། དེ་གའི་འབྲོག་པ་ཚོས་གཟུགས་པོ་འཁྲུ་སའི་རྫིང་བུ་ཞིག་དྲུས་ནས་ཉིན་ལྟར་དེ་གར་གཟུགས་པོ་འཁྲུ་བར་ཡོང་མཁན་རྒྱུན་མི་ཆད་མོད། འོན་ཀྱང་ཆུ་ཚན་དེ་ཡང་ནས་བསྐྱར་དུ་སྤྱོད་སྐབས་ཆུ་སྤུས་དང་ཁོར་ཡུག་ལ་སྦགས་བཙོག་ཚབས་ཆེན་བཟོ་བཞིན་ཡོད། དེས་ན་ང་ཚོར་ཐོན་ཁུངས་ཡག་པོ་ཡོད་ཀྱང་ཕན་པ་མེད་པར་མ་ཟད་དེ་ལས་ལྡོག་སྟེ་ཁོར་ཡུག་ལ་སྦགས་བཙོག་བཟོ་བའི་ཁུར་པོ་ཞིག་ཏུ་གྱུར་པས་ངེས་པར་དུ་སྒྲིག་བཀོད་འཐུས་ཚང་དང་། བེད་སྤྱོད་ཚད་ལྡན། ཚན་རིག་དང་མཐུན་པའི་དོ་དམ་བཅས་བྱས་ན་གཞི་ནས་རྩ་བའི་གནད་དོན་ཐག་གཅོད་བྱེད་ཐུབ་པ་རེད་ཅེས་བཤད།

     2020ལོའི་ཟླ་བ4པ་ནས་བཟུང་དར་མདོ་གྲོང་ཁྱེར་གྱིས་མགོ་བཏགས་སྨད་པ་གྲོང་སྡེར་ཐོན་ལས་འཕེལ་རྒྱས་ཀྱི་མ་དངུལ་སྒོར་ཁྲི100བྱ་དགའ་སྤྲད་པ་དེ། གྲོང་སྡེའི་ཐུན་མོང་གིས་གྲོས་མོལ་དང་མ་དངུལ་གྲབས་གསོག འཛུགས་སྐྲུན། དོ་དམ་བཅས་རང་གིས་བྱ་རྒྱུའི་བྱེད་ཐབས་སྤྱད་དེ་སྔོན་མའི་ཆུ་ཚན་དེ་གངས་ལམ་ཐིས་ཟུར་ཆུ་ཚན་དུ་བསྐྲུན་ཡོད། གྲོང་སྡེའི་ཐུན་མོང་གིས་ཆུ་ཚན་དེ་གྲོང་སྡེའི་ནང་གི་ཕྱུག་འགྱུར་སྣེ་ཁྲིད་པ་གསུམ་ལ་བོགས་མར་བཏང་ནས་གཉེར་སྐྱོང་བྱེད་དུ་བཅུག་པས་ལོ་ལྟར་བོགས་གླ་སྒོར་ཁྲི60རག་གིན་ཡོད། དེ་ནས་གྲོང་སྡེ་རིམ་པའི་ཐུན་མོང་དཔལ་འབྱོར་སྔར་བས་སྟོབས་ཆེར་ཕྱིན་པར་མ་ཟད་དེ་ནའི་འབྲོག་པ4ཡི་ལས་ཞུགས་གནད་དོན་ཡང་ཐག་གཅོད་ཐུབ་ཡོད། དུད་ཚང་དབུལ་པོའི་ཉི་མ་སྒྲོལ་མ་ནི་དེའི་གྲས་ཤིག་ཡིན་ཞིང་། ཁོས་ངའི་གཅུང་མོ་ལྗོངས་ཁུལ་དུ་ལས་ཀ་བྱེད་ཀྱི་ཡོད་ལ་ངས་ཀྱང་ཆུ་ཚན་དེ་གཉེར་སྐྱོང་བྱེད་ཀྱི་ཡོད་པས་ད་ཆ་ང་ཚོའི་ཁྱིམ་ཚང་གི་ལོ་གཅིག་གི་ཡོང་འབབ་སྒོར་ཁྲི20ཙམ་ཟིན་གྱི་ཡོད་ཅེས་བཤད།

     གྲོང་སྡེའི་ཐུན་མོང་གིས་ད་དུང་ཞིང་ཆེན་ས་གཤིས་གཏེར་ཁ་རྩད་ཞིབ་ཅུས་ཀྱི་ས་གཤིས་རུ་ཁག་གདན་དྲངས་ཏེ་ཆུ་ཚན་ལ་ཚན་རིག་དང་མཐུན་པའི་གསལ་འབྱེད་བྱས་པ་དང་། ཆུའི་སྤུས་ཚད་ཀྱི་རིགས་སྭེལ་སྐྱུར་ཤས་ཆེའི་རིགས་ཡིན་པ་ར་སྤྲོད་བྱས་ཤིང་འདུས་ཚད་རྒྱལ་ཁབ་ཀྱི་ཚད་གཞི་ལས་ལྡབ3ཙམ་བརྒལ་ཡོད་པས་ཧ་ཅང་རྩ་ཆེ་བའི་སྨན་བཅོས་རང་བཞིན་གྱི་ཆུ་ཚན་གྱི་གྲས་སུ་གཏོགས་པ་རེད། ད་ལྟར་ཚད་ལྡན་གྱི་ལུས་བཀྲུ་ས་ཡིས་སྔོན་ཆད་མི་རྣམས་ཀྱིས་དོ་སྣང་ཆེར་མི་བྱེད་པའི་ཆུ་མིག་དེ་སྨན་བཅོས་ཀྱི་རིན་ཐང་ཆེན་པོ་ལྡན་པའི་ལུས་ཟུངས་གསོ་བའི་ཆུ་ཞིག་ཏུ་བསྒྱུར་ཡོད། ཚད་ལྡན་ཅན་གྱི་དོ་དམ་བྱས་པ་བརྒྱུད་དེ་གའི་རྣམ་པ་རྙིང་པར་ཡང་རྣམ་པ་གསར་པ་ཞིག་ཏུ་བརྗེས་ཤིང་། གཙང་ལ་གྲ་འགྲིག་པའི་ཁོར་ཡུག་དང་རང་བྱུང་མཛེས་ལྗོངས་སོགས་ལས་ས་ཆ་དེ་གྲོང་སྡེ་དེའི་ཡུལ་སྐོར་གྱི་བཀྲག་མདངས་འཚེར་ས་གསར་པ་ཞིག་ཏུ་གྱུར་ཡོད། ཡུལ་སྐོར་བ་དང་གྲོང་སྡེ་ཕྱིའི་གྲོང་མི་དེ་བས་མང་པོ་ཆུ་ཚན་དེར་ལུས་པོ་བཀྲུ་ས་ཡོང་དང་ཡོང་བཞིན་ཡོད།

    ད་ཆ་མགོ་བཏགས་སྨད་པ་གྲོང་སྡེའི་ནམ་མཁའ་སྔོ་ཞིང་སྤྲིན་དཀར་གཡོ་བ། སྤང་ལྗོངས་སྔོན་པོའི་ཐོག་ལ་མེ་ཏོག་སྣ་བརྒྱར་བཞད་པ། འབྲི་མཛོ་མོའི་ངུར་སྒྲ་དང་རྟའི་འཚེར་སྐད་ཁྲོད་ནས་གངས་དཀར་གྱི་མཛེས་ལྗོངས་མིག་ལམ་དུ་འཆར་ཐུབ་ཅིང་། སྟབས་བདེའི་འགྲིམ་འགྲུལ་དང་སྤྲོ་སྐྱིད་ལྡན་པའི་ཆུ་ཚན་བཅས་ལས་མགོ་བཏགས་སྨད་པ་གྲོང་སྡེ་དེ་རྒྱལ་ལམ318ལམ་རྒྱུད་ཀྱི་ཡུལ་སྐོར་མིང་བྱང་ཞིག་དང་མཛེས་སྡུག་ལྡན་པའི་ལྗོངས་ཁུལ་ཞིག་ཏུ་གྱུར་ཡོད་པ་རེད། །



  • ལེ་ཚན་སྔོན་མ།:མི་དམངས་ཉེན་རྟོག་པས་སྡེ་དགེ་རྫོང་གི་ཟོག་མགོ་གྲངས9000ལྷག་འབྲོག་ར་སྤོ་བར་ལྟ་སྐྱོང་བྱས།
  • ལེ་ཚན་རྗེས་མ།:རང་རྒྱལ་གྱིས་བྱེད་ཐབས6སྤྱད་ནས་དཀའ་ངལ་ཡོད་པའི་མང་ཚོགས་བློ་བདེ་པོའི་ངང་ལོ་སར་གཏང་ཐུབ་པ་འགན་ལེན་བྱས།
  • དོ་སྣང་ཆེ་བའི་རྩོམ།